Degé Kangyur volume 45, F.48.a

དཀྲིས་པ་མེད་པའི་རྩོལ་བ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བརྩོན་འགྲུས་སོ། །​བདག་ཏུ་འདུ་ཤེས་ཀྱང་མེད་ཅིང་བདག་མེད་པར་འདུ་ཤེས་ཀྱང་མེད་ལ། ཕྱི་དང་ནང་ལ་མི་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་བསམ་གཏན་ནོ། །​ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དང་མ་འདྲེས་པའི་ཤེས་རབ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་མི་གནས་པར་ལྟ་བས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་གནས་མེད་པར་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་ཁམས་གསུམ་ལ་མངོན་པར་དགའ་བ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དཔེར་ན་མར་མེ་མཛད་ཀྱི་ལྟ་བུ་གང་ཡིན་པ་དེ་ནི་གནས་མེད་པར་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​མ་གཏོགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་གནས་མེད་པའི་ཚུལ་ཁྲིམས་སོ། །​ཆོས་ཐམས་ཅད་ལ་རློམ་སེམས་མེད་པའི་སེམས་ཀྱི་བཟོད་པ་གང་ཡིན་པ་དེ་ནི་གནས་མེད་པའི་བཟོད་པའོ། །​མི་དམིགས་པར་སྤྱོད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་གནས་མེད་པའི་བརྩོན་འགྲུས་སོ། །​བྱང་ཆུབ་སེམས་དཔའ་མཐོང་བའི་ས་ཐོབ་པའི་ཕྱིན་ཅི་མ་ལོག་པའི་བསམ་གཏན་གང་ཡིན་པ་དེ་ནི་གནས་མེད་པའི་བསམ་གཏན་ནོ། །​ཉོན་མོངས་པ་ཟད་པར་འགྱུར་བའི་ཤེས་རབ་གང་ཡིན་པ་དེ་ནི་གནས་མེད་པས་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་གནས་མེད་པས་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ང་རྒྱལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་སེམས་དཔའ་ང་རྒྱལ་གྱི་བདུད་བཅོམ་ནས་སྦྱིན་པ་སྦྱིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་སྒྲུབ་པར་འགྱུར་བ་གང་ཡིན་པ་དེ་ནི་ང་རྒྱལ་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​ངན་སོང་གསུམ་སྦྱོང་བར་འགྱུར་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ང་རྒྱལ་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13949#UT22084-045-001-13949