Degé Kangyur volume 45, F.326.b

ཚེ། །​དེ་བཞིན་གཤེགས་པ་གསན་པའི་བློ་ལྡན་ལ། །​རྩྭ་ཡི་རོ་བཅུད་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མེ་ཏོག་འོད་ནི་ལམ་སྟོན་ཚེ། །​དེ་བཞིན་གཤེགས་པ་སྒྲིབ་མེད་དགོངས་པ་དེའི། །​ལམ་དག་ཉེ་བར་མཚོན་པ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཁམས་གསུམ་མཆོད་གནས་གསེར་རྟོག་ཚེ། །​དེ་བཞིན་གཤེགས་པ་བསྙེངས་མེད་འོད་ཟེར་ལ། །​གསེར་སྲང་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྒྲ་གཅན་ཉི་མའི་སྙིང་པོ་ཕྱེ་འཚོང་ཚེ། །​དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་ཅན་དེ་ལ་ནི། །​ཀཱར་ཥཱ་པ་ནི་རི་བའི་ཕྱེ་དག་ཕུལ་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ལྷས་མཆོད་རྩལ་ཆེན་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་ལེགས་པར་གསུངས་པ་དེ་ཡི་ནི། །​འཁོར་གྱི་ཁྱམས་དག་གསེར་གྱི་སྣམ་བུ་བཏིང་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཐར་པའི་རྒྱལ་མཚན་རས་བལ་མཁན། །​བྱེད་ཚེ་བདེ་གཤེགས་མཁས་པ་མཆོག་དེ་ལ། །​རས་བལ་དག་ནི་གཏོར་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བདུད་རྩིའི་འོད་ནི་གཙང་སྦྲ་ཅན་གྱི་ཚེ། །​དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་དེ་ལ་ནི། །​སུ་དར་ཤ་ནའི་མེ་ཏོག་གཏོར་བ་བྱས་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་རྡོ་རྗེ་མི་བཀྲེན་ཚེ། །​དེ་བཞིན་གཤེགས་པ་དབང་པོ་སྦས་པ་ལ། །​རྒྱ་སྲན་དག་གི་ཕྱེ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་བརྟན་པ་ཕྲེང་རྒྱུད་ཚེ། །​དེ་བཞིན་གཤེགས་པ་ཐར་པའི་བསམ་གཏན་ལ། །​སབ་ཏ་པ་རྣའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྣང་ལྡན་ཆེན་པོ་ལམ་དུ་ཞུགས་པ་ན། །​བདེ་གཤེགས་རིན་ཆེན་ཕུང་པོ་འགྲོན་པོ་བྱེད་པ་ཡིས། །​ནམ་གྱི་གུང་ཐུན་དག་ལ་མེལ་ཚེ་བྱས་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མཛེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14506#UT22084-045-001-14506