Degé Kangyur volume 45, F.327.a

གཤེགས་རྩིས་པའི་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་ཙན་དན་སྤོས་དེ་ལ། །​ཙམ་པ་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཉི་མ་ལྟར་གཤེགས་མར་འཚོང་ཚེ། །​དེ་བཞིན་གཤེགས་པ་གཟིགས་པ་གསལ་དེ་ལ། །​མར་ཁུའི་བཏུང་བ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དག་པའི་འོད་ནི་དགེ་སློང་ཚེ། །​བདེ་གཤེགས་མངོན་འཕགས་སྟེགས་དེའི་འཆག་ས་དག །​ཆག་ཆག་ཕྱག་དར་བྱས་ཏེ་སྟན་བཏིང་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་འོད་ཤུགས་ཚོང་དཔོན་ཚེ། །​དེ་བཞིན་གཤེགས་པ་བལྟ་ན་སྡུག་དེ་ལ། །​སྣང་སྒྲོན་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡོན་ཏན་གཙུག་ནི་ཚོང་པའི་ཚེ། །​དེ་བཞིན་གཤེགས་པ་དཔག་མེད་བློ་དེ་ལ། །​ཙན་དན་དང་ནི་འབྲས་བུ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དཔལ་རྫོགས་བཙོ་བླག་མཁན་གྱི་ཚེ། །​བདེ་གཤེགས་ཉི་མ་སྟོང་ལྡན་གཟི་བརྗིད་ལ། །​སོས་ཀ་ཚ་བའི་དུས་སུ་སྐྱེམ་ཕུལ་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སེང་སྟབས་རྒྱལ་པོའི་བུ་མོའི་ཚེ། །​དེ་བཞིན་གཤེགས་པ་ཁུར་བོར་དེ་ལ་ནི། །​ཆོས་ཀྱི་གདན་དག་གདིང་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གྱེན་དུ་འཕགས་པ་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་གསལ་བར་གྲགས་དེ་ལ། །​ཡུངས་ཀར་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མེ་ཏོག་བྱིན་པ་ཤིང་སྲུངས་ཚེ། །​དེ་བཞིན་གཤེགས་པ་ཕྱོགས་སུ་རྣམ་གྲགས་ལ། །​ཨེ་རཎྜ་ཡི་འབྲས་བུ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་འོད་འགྱེད་ཚོང་པའི་ཚེ། །​དེ་བཞིན་གཤེགས་པ་དབང་སྒྱུར་རྒྱལ་པོ་ལ། །​མུ་ཏིག་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་པད་མ་ཞིང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14507#UT22084-045-001-14507