Degé Kangyur volume 45, F.326.a

ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དྲི་མ་རབ་ཞི་ཕྱུག་པོ་ཡི། །​བུ་ཚེ་དེ་བཞིན་གཤེགས་པ་རླབས་འཇོམས་ལ། །​གདུ་བུ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཕྱོགས་མ་བསླད་པ་ཁྱིམ་བདག་གི། །​བུ་ཚེ་བདེ་གཤེགས་ཤེས་རབ་རྫོགས་པ་ལ། །​མར་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མཛེས་པ་བུ་རམ་ཤིང་སྲུངས་ཚེ། །​དེ་བཞིན་གཤེགས་པ་ཚེར་མ་དཀྲུགས་པ་ལ། །​བུ་རམ་ཤིང་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཞལ་བཟངས་ཚོང་པའི་ཚེ། །​དེ་བཞིན་གཤེགས་པ་དགྲ་འདུལ་དེ་ལ་ནི། །​མུ་ཏིག་དམར་པོ་དག་གིས་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཤུགས་གནས་ཡེ་ཤེས་རྫ་མཁན་ཚེ། །​དེ་བཞིན་གཤེགས་པ་དགྲ་བཅོམ་དགྱེས་པ་ལ། །​བུམ་པ་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གསུང་དབང་བཅའ་བ་མཁན་གྱི་ཚེ། །​དེ་བཞིན་གཤེགས་པ་ཚུལ་ཁྲིམས་མཆོག་གནས་ལ། །​བཅའ་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཟི་བརྗིད་ཆེན་པོ་སྨན་པའི་ཚེ། །​དེ་བཞིན་གཤེགས་པ་ཕྱོགས་མཉམ་དགོངས་པ་ལ། །​སྐྱུ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བློ་གྲོས་ཟབ་མོ་ཁྱིམ་བདག་ཚེ། །​དེ་བཞིན་གཤེགས་པ་དགོངས་པ་བསྙེངས་མེད་ལ། །​མུ་ཏིག་འབྲུམ་བུ་གསུམ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བདུད་རྩི་གཞན་གྱི་ཁོལ་པོའི་ཚེ། །​དེ་བཞིན་གཤེགས་པ་བརྩོན་འགྲུས་གསལ་བ་དེའི། །​འཆག་སར་ལྗོན་ཤིང་རིག་བྱེད་བསྐྲུན་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཆོས་སྟོབས་ཚལ་གྱི་ལས་བྱེད་ཚེ། །​དེ་བཞིན་གཤེགས་པ་གསལ་བ་རྒྱ་ཆེན་ལ། །​འོད་མའི་ཚལ་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་མཆོད་ལྡན་རྒན་པོའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14505#UT22084-045-001-14505