Degé Kangyur volume 45, F.323.b

པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་བསྙེངས་བྲལ་བྲམ་ཟེའི་ཚེ། །​དེ་བཞིན་གཤེགས་པ་ཚངས་པའི་འོད་དེ་ལ། །​མེ་ཏོག་ཏ་ར་ནི་ཡིས་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་བཞེད་པ་དབུལ་པོའི་ཚེ། །​དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་དེ། །​ཕོངས་པ་མེད་པས་སྤྱན་དག་དྲངས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྤོས་ཅན་དཀའ་ཐུབ་ཅན་གྱི་ཚེ། །​དེ་བཞིན་གཤེགས་པ་བདེ་བའི་འོད་དེ་ལ། །​ལོ་མའི་སྤྱིལ་བུ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་བློ་མཆོག་ཚོང་པའི་ཚེ། །​དེ་བཞིན་གཤེགས་པ་འོད་མཆོག་དེ་ལ་ནི། །​ཨ་ག་རུ་ཡི་བདུག་པ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཟླ་བ་ཤིང་ཐུན་ཚེ། །​དེ་བཞིན་གཤེགས་པ་ཞི་བའི་འོད་དེ་ལ། །​བ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རིན་ཆེན་ཟླ་འོད་ཚོང་པའི་ཚེ། །​བདེ་གཤེགས་ཡིད་གཉིས་ལས་ནི་འདས་པ་ལ། །​ནོར་བུ་རིན་ཆེན་མེ་ཤེལ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་བསྙེངས་མེད་མདུན་འདོན་བུར་གྱུར་ཚེ། །​བདེ་གཤེགས་འཁྲུལ་པ་མེད་པའི་བློ་ལྡན་ལ། །​སིན་དྷུ་བ་རིའི་མེ་ཏོག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཟིགས་པ་ཆེན་པོ་རྩྭ་ཐུན་ཚེ། །​དེ་བཞིན་གཤེགས་པ་བརྟུལ་ཞུགས་འབྱོར་དེ་ལ། །​ཨ་ག་རུ་ཡི་འབྲས་བུ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཚངས་དབྱངས་སྨན་པའི་ཚེ། །​དེ་བཞིན་གཤེགས་པ་ཡན་ལག་མཛེས་པ་ལ། །​རྒྱ་ཤུག་འབྲས་བུའི་ཕྱེ་མ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དབྱངས་བཟང་ལྷ་རིས་པ་ཡི་ཚེ། །​བུ་ཡུག་ལངས་ཚེ་ཁང་པ་ཕྱགས་ནས་ཀྱང་། །​དེ་བཞིན་གཤེགས་པ་བསྙེངས་མེད་དགྱེས་པ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14500#UT22084-045-001-14500