Degé Kangyur volume 45, F.321.a

གཤེགས་པ་དུས་མཁྱེན་རྒྱལ་པོ་ལ། །​སྟར་ག་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་མཆོག་གསུང་ཤིང་སྲུངས་ཚེ། །​དེ་བཞིན་གཤེགས་པ་ནགས་ཀྱི་མེ་ཏོག་ལ། །​འགོ་ཏ་ར་ནའི་མེ་ཏོག་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་མཆོད་འོས་རྒྱལ་བུའི་ཚེ། །​རྫིང་བུ་དག་ནི་བྱས་ཏེ་བཤམས་ནས་ཀྱང་། །​དེ་བཞིན་གཤེགས་པ་མེ་ཏོག་དཔལ་དེ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཉི་མ་བློན་པོ་ཆེན་པོའི་ཚེ། །​བདེ་གཤེགས་རྣམ་པར་སྨིན་པ་ཆེན་པོ་ལ། །​རྡོ་ལས་བྱས་པའི་ཁང་པ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འདམ་ལས་རྒལ་བ་སྐུད་འཚོང་ཚེ། །​དེ་བཞིན་གཤེགས་པ་གྲགས་པ་ཆེན་པོ་ལ། །​སྐུད་པ་སྲང་གཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་བརྙེས་པ་ཆང་འཚོང་ཚེ། །​དེ་བཞིན་གཤེགས་པ་གཤེགས་པར་དགྱེས་དེ་ལ། །​བཅུད་ཁུའི་བཏུང་བ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་གྲུབ་པ་གྲོང་དཔོན་ཚེ། །​དེ་བཞིན་གཤེགས་པ་བདུད་རྩི་རྣམ་གནོན་ལ། །​གྲོང་གི་མཆོག་མ་བཅུ་ཞིག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྨ་བྱ་འབྲུ་མར་མཁན་གྱི་ཚེ། །​དེ་བཞིན་གཤེགས་པ་ཉི་མའི་ཕུང་པོ་ལ། །​མེ་ཏོག་འབར་ཤིས་བསྒོས་པའི་འབྲུ་མར་ཕུལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཆོས་སྦྱིན་རྒྱལ་བུའི་ཚེ། །​དེ་བཞིན་གཤེགས་པ་ཟླ་བའི་དབྱངས་དེ་ལ། །​སིལ་སྙན་བརྒྱ་ཡིས་མཆོད་པ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཕན་བཞེད་མགར་བའི་ཚེ། །​དེ་བཞིན་གཤེགས་པ་ལྷ་ཡི་མེ་ཏོག་ལ། །​དྲ་གྲི་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡེ་ཤེས་ལྡན་པ་དུང་འབུད་ཚེ། །​དུང་སྒྲ་དག་ནི་བུད་པ་བྱས་ནས་ཀྱང་། །​དེ་བཞིན་གཤེགས་པ་རྣམ་དག་འོད་དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14495#UT22084-045-001-14495