Degé Kangyur volume 45, F.319.a

བདེ་གཤེགས་ཆོས་ཀྱི་མཐུ་རྩལ་རྒྱལ་བུའི་ཚེ། །​དེ་བཞིན་གཤེགས་པ་དགྲ་ཞིར་གྱུར་པ་ལ། །​དངུལ་ལས་བྱས་པའི་གདན་ཁྲི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྐལ་བ་བཟང་པོ་དེད་དཔོན་ཚེ། །​དེ་བཞིན་གཤེགས་པ་རྒྱལ་བའི་སྡེ་དེ་ལ། །​གསེར་ལས་བྱས་པའི་བླ་རེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མི་འཁྲུགས་མདོག་ནི་རྫ་མཁན་ཚེ། །​དེ་བཞིན་གཤེགས་པ་བདེན་པའི་བློ་དེ་ལ། །​རྫེའུ་ཕྲུ་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཟི་བརྗིད་རྒྱལ་པོ་གྲོང་དཔོན་ཚེ། །​གྲོང་ཁྱེར་དག་ནི་ཕྱག་དར་བྱས་ནས་ཀྱང་། །​དེ་བཞིན་གཤེགས་པ་གཟི་བརྗིད་གོ་བགོས་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་རྟོགས་མཛད་ལག་བླའི་ཚེ། །​དེ་བཞིན་གཤེགས་པ་ངེས་པར་རྟོགས་བཟོད་ལ། །​ཀ་ར་བཱི་རའི་མེ་ཏོག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྤྱན་ལེགས་ཕྱུགས་རྫིའི་དཔོན་པོའི་ཚེ། །​དེ་བཞིན་གཤེགས་པ་ཟླ་མཆོག་དཔལ་དེ་ལ། །​ལྷུང་བཟེད་མོ་ར་ནས་བཀང་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དོན་གནས་བློ་ནི་ནད་པའི་ཚེ། །​དེ་བཞིན་གཤེགས་པ་གླང་པོའི་སྟབས་དེ་ཡི། །​ཉིན་མོ་བཞུགས་པའི་གནས་ཁང་ཕྱགས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སྣང་བའི་འོད་ཟེར་ལྷ་འབངས་ཚེ། །​དེ་བཞིན་གཤེགས་པ་མཁས་པའི་གཙོ་དེ་ལ། །​མར་མེའི་སྙིང་པོ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྤོས་གཟི་རྒྱལ་པོའི་ཚེ། །​དེ་བཞིན་གཤེགས་པ་བདེན་པ་དགྱེས་དེ་ལ། །​ཨུད་པལ་སྔོན་པོ་གཅིག་ཅིག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཀུན་དགའ་མཛད་པ་ཤིང་རྟ་མཁན། །​བྱེད་ཚེ་བདེ་གཤེགས་ཨུད་པལ་དྲི་དེ་ལ། །​སྣམ་ཕྱི་ས་དག་བྱས་ཏེ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་དོན་ཡོད་གཤེགས་པ་ལག་བླའི་ཚེ། །​དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་ལ། །​ལོ་མའི་སྤྱིལ་བུ་བྱས་ཏེ་ཕུལ་ནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14491#UT22084-045-001-14491