Degé Kangyur volume 45, F.312.a
།སྤོས་ཀྱི་ཟ་མ་ཏོག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་ཡོན་ཏན་ཕྱྭ་མཁན་ཚེ། །དེ་བཞིན་གཤེགས་པ་ཚུལ་ཁྲིམས་དགྱེས་དེ་ལ། །ཁང་པ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཞིང་བཟང་ལྷ་ཡི་བརྟུལ་ཞུགས་ཚེ། །དེ་བཞིན་གཤེགས་པ་འཇིག་རྟེན་གསལ་དེ་ལ། །གུ་གུལ་བདུག་པ་དག་གིས་བདུགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཀོད་པའི་རྒྱལ་པོ་འཁོར་སྒྱུར་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །བཻ་དཱུརྱ་ཡི་ཁང་བཟངས་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མངོན་འཕགས་ལྷ་ལ་དད་པའི་ཚེ། །དེ་བཞིན་གཤེགས་པ་སེང་གེ་རྣམ་བསྒྱིངས་ལ། །མེ་ཏོག་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྦྱིན་སྲེག་འོད་འཕྲོ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་རྙོག་མེད་ལ། །བཀད་ས་དག་ནི་བྱས་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པད་དཔལ་ཕྱུག་པོའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གྲགས་པ་གསལ་བ་པོ། །བདེ་བར་གཤེགས་ལ་པད་མའི་མེ་ཏོག་གཏོར། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་བཀོད་པ་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་ངེས་པའི་བློ་དེ་ལ། །ཁྲོན་པ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་བཟང་པོ་ལམ་སྟོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གཏི་མུག་སྤངས་པ་དེ་ལ་ནི། །ལྗོན་པོའི་ལྕུག་མ་ཉི་ཤུ་སྙེད་ནི་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་མཆོག་ནི་ཤིང་རྟ་མཁན་གྱི་ཚེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཡོན་ཏན་ཕུང་པོ་དེའི། །གཙུག་ལག་ཁང་གི་སྒོ་དག་བྱས་ཏེ་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐུགས་ནི་ཤིན་ཏུ་གཞུངས་པ་ཕྱུགས་རྫིའི་ཚེ། །དེ་བཞིན་གཤེགས་པ་བསྡུ་བའི་བློ་ནི་མངའ་བ་དེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14477#UT22084-045-001-14477