Degé Kangyur volume 45, F.311.b
།ཉིན་གཅིག་བཞུགས་པའི་གནས་ནི་བྱས་ཏེ་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་འོད་གྲོང་རྡལ་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ཏོག་དེ་ཡི། །རས་ཀྱི་གདན་དག་གདིང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲི་མེད་འོད་ནི་མདུན་འདོན་ཚེ། །དེ་བཞིན་གཤེགས་པ་སྐྱེ་དབང་མཚུངས་དེ་ལ། །མཆོད་སྦྱིན་དག་གི་ར་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་རྣམ་འབྱེས་ཆང་འཚོང་ཚེ། །དེ་བཞིན་གཤེགས་པ་འཇིགས་མེད་བཤེས་གཉེན་ལ། །ཁ་རའི་བཏུང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁེངས་མེད་རྩིས་པའི་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་བསྡུ་བའི་བློ་མངའ་ལ། །ཅི་ཙེའི་ཕུབ་མ་ཕྲག་སྟ་གང་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྦྲང་རྩིའི་ཞལ་ནི་ལྷམ་མཁན་ཚེ། །དེ་བཞིན་གཤེགས་པ་དགྲ་ཐུལ་དེ་ལ་ནི། །མེ་ཏོག་ཨུད་པལ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་འོད་རྟེན་བཅས་ནད་པའི་ཚེ། །དེ་བཞིན་གཤེགས་པ་ཟམ་པའི་འོད་དེ་ལ། །མོན་སྲན་གྲེའུ་རུལ་པ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གློག་སྦྱིན་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་རི་བོ་བརྩེགས་པ་ལ། །ཡིད་འཐད་ཁང་པ་བརྩེགས་པ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་ཞིར་གཤེགས་པ་ཤིང་འཚོང་ཚེ། །དེ་བཞིན་གཤེགས་པ་རྩེ་གཅིག་འོད་དེ་ལ། །ཆུ་དྲོན་སྣོད་དག་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་འཁྲུགས་པ་ཡིས་དགེ་སློང་དག་ལ་ནི། །ཇི་སྲིད་འཚོ་བར་གནོད་སེམས་མེད་པར་འཛིན་བཅུག་ནས། །དེ་བཞིན་གཤེགས་པ་སྲེད་མེད་བུ་ཡི་མཐུ་རྩལ་ལ། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགྲ་བཅོམ་གྲགས་པ་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་སེང་གེའི་ཞབས་དེ་ལ། །སྤོས་ཀྱི་ཟ་མ་ཏོག་ནི་ཕུལ་ནས་ཀྱང་།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14476#UT22084-045-001-14476