Degé Kangyur volume 45, F.304.b

བསྐྱེད་དོ། །​དེ་བཞིན་གཤེགས་པ་བདེན་གསུང་ཁྱིམ་བདག་ཚེ། །​དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་དེ་ལ། །​སྦྲང་རྩིར་བཅས་པའི་འབྲས་ཆན་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འཚོ་བྱེད་ལྷ་རིས་པ་ཡི་ཚེ། །​དེ་བཞིན་གཤེགས་པ་བདེན་པ་པོ་དེ་ཡི། །​གཙུག་ལག་ཁང་ནི་ཕྱག་དར་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ན་ཚོད་བཟང་པོ་རྩྭ་འཚོང་ཚེ། །​བདེ་གཤེགས་ཟིལ་གྱིས་མི་ནོན་གྲགས་པ་ལ། །​རྩྭ་ཡི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་པའི་ཚོགས་ཅན་འཁོར་སྒྱུར་ཚེ། །​དེ་བཞིན་གཤེགས་པ་དགྲ་བཅོམ་འོད་དེ་ལ། །​ན་བཟའ་རིན་པོ་ཆེ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྣམ་ངེས་བློ་གྲོས་ཚོང་དཔོན་གྱི། །​བུ་ཚེ་དེ་བཞིན་གཤེགས་པ་སྒྲོན་ཆེན་ལ། །མུ་ཀ་ཙན་ཏྲ་ཀ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་སྲིད་མཐའ་ནོར་བུའི་སྤོས། །​རིམ་གྲོ་པ་ཚེ་བདེ་གཤེགས་བློ་སྤྱོད་ལ། །​ཆོས་ཀྱི་གདན་དག་བཤམ་པ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྒྱལ་བས་དགྱེས་པ་གོས་འཚོང་ཚེ། །​དེ་བཞིན་གཤེགས་པ་མཐུ་རྩལ་ཅན་དེ་ལ། །​ཆོས་གོས་གསུམ་དག་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སེང་གེའི་འོད་ཟེར་ལམ་སྟོན་ཚེ། །​དེ་བཞིན་གཤེགས་པ་ཐོགས་མེད་གཤེགས་པ་པོ། །​ལམ་དུ་ཞུགས་ཚེ་བསྐོར་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྣམ་པར་སྣང་མཛད་རིན་པོ་ཆེ། །​རྟོག་ཤེས་ཚེ་ན་དེ་བཞིན་གཤེགས་པ་པོ། །​ཡིད་གཉིས་སྤོང་བའི་འཆག་ས་བཤམས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་གྲགས་མཆོག་སྤོས་འཚོང་ཚེ། །​དེ་བཞིན་གཤེགས་པ་བརྟུལ་ཞུགས་ཆེ་དེ་ལ། །​སྣ་མའི་མེ་ཏོག་ཆུན་པོ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཐུགས་རབ་གཞུངས་པ་ཕྱག་དར་བའི། །​བུ་ཚེ་དེ་བཞིན་གཤེགས་པ་ལྷ་གསལ་ལ། །​མངོན་སུམ་དག་ཏུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14462#UT22084-045-001-14462