Degé Kangyur volume 45, F.304.a
།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐུབ་མེད་ཚོགས་ནི་འདུན་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གྲགས་པ་ལ། །སྦྲང་རྩིར་བྱས་པའི་འོ་མ་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པའི་བཤེས་གཉེན་ཚོང་དཔོན་གྱི། །བུར་གྱུར་ཚེ་ན་བདེ་གཤེགས་བདེན་ཏོག་ལ། །མེ་ཏོག་དག་གི་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེན་པ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ལ། །མེ་ཏོག་ཆང་པ་གང་ཞིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དཀའ་ཐུབ་ཆེན་པོ་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཉི་མའི་ཏོག་དེ་ལ། །འཁོར་རྣམས་ཐམས་ཅད་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷུན་པོའི་འོད་ཟེར་འཁོར་སྒྱུར་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ལྷུན་པོ་ཆེན་པོ་དེ་ལ་ནི། །རིན་ཆེན་ཡུ་བར་བཅས་པའི་གདུགས་འབུམ་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་བརྩེགས་པ་དེད་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་མཆོད་པ་བཀོད་པ་དེ་ལ་ནི། །རིན་ཆེན་སྣམ་བུ་ལྡ་ལྡི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོད་གྲགས་སཱལ་ཆེན་ལྟ་བུའི་བྲམ་ཟེ་ཚེ། །འཁོར་ནི་བྱེ་བར་བཅས་པའི་དེ་བཞིན་གཤེགས་པ་པོ། །འཇིག་རྟེན་རྣམ་པར་གྲགས་ལ་ཁྲུས་ཀྱི་ཡོ་བྱད་ཕུལ། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་གྲགས་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་དྲག་ཤུལ་བྱིན་པ་ཡི། །འཆག་ས་དག་ནི་ཕྱག་དར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྦྱིན་འོད་དཔའ་བོའི་ཚེ། །དེ་བཞིན་གཤེགས་པ་མཆོག་ཏུ་གྲགས་དེ་ལ། །རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གློག་འབྱིན་གྲོང་དཔོན་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་མཐུ་རྩལ་ལ། །གདིང་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14461#UT22084-045-001-14461