Degé Kangyur volume 45, F.303.b
དེ་བཞིན་གཤེགས་པ་དོན་གྲུབ་གཤེགས་དེ་ལ། །ལག་པ་འདག་པའི་ཆལ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྤོས་བཟངས་ཚོང་དཔོན་ཚེ། །དེ་བཞིན་གཤེགས་པ་ཟླ་བ་སྡུག་དེ་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་བརྟན་ནོར་བུ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་སེང་གེའི་ང་རོ་ལ། །རིན་པོ་ཆེ་ཡི་གདུགས་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་དྲག་ཤུལ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་སྟོན་པ་གསལ་དེ་ལ། །གསེར་གྱི་མེ་ཏོག་དག་ནི་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་ནོར་བུ་དེད་དཔོན་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་ལ། །མུ་ཏིག་དམར་པོ་དག་ནི་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཟང་བྱིན་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་མེ་ཏོག་ལ། །བཤོས་དྲོན་བསོད་སྙོམས་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་ཕྲེང་རྒྱུད་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོ་ལ། །ཨུད་པལ་ལྔ་ཞིག་གཏོར་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་དབྱངས་ལག་བླ་བྱེད་པའི་ཚེ། །དེ་བཞིན་གཤེགས་པ་རྫུ་འཕྲུལ་འོད་དེ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་ཟླ་བ་རྒྱལ་པོ་ཡི། །ཕོ་ཉ་བྱེད་ཚེ་བདེ་གཤེགས་གཟི་མཐའ་ཡས། །དེ་ལ་མཆིལ་ལྷམ་དག་ནི་དབུལ་བྱས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དཔལ་ནི་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ལ། །གསེར་གྱི་ཕྲེང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལེགས་སྐྱེས་གསེར་མགར་ཚེ། །དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་ལ། །རིན་པོ་ཆེ་ཡི་སྡོང་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14460#UT22084-045-001-14460