Degé Kangyur volume 45, F.301.b
།དེ་བཞིན་གཤེགས་པ་བསྙེངས་མེད་དགྱེས་དེ་ལ། །ཏ་ལ་པ་ཏ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་རྒྱལ་མཚན་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ཤེས་རབ་རྒྱལ་མཚན་ལ། །སུམ་པ་ཀ་ཡི་ལྷུང་བཟེད་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསམ་གཏན་དགྱེས་པ་གྲོང་ཁྱེར་གྱི། །ཕོ་ཉའི་ཚེ་ན་བདེ་གཤེགས་མདངས་འོད་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྫོགས་ལྡན་རྔོན་པའི་ཚེ། །དེ་བཞིན་གཤེགས་པ་ཟླས་བྱིན་དེ་ལ་ནི། །མིག་མི་འཛུམས་པར་བལྟ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྣམ་རོལ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་དབྱིག་དེ་ལ། །དཔག་ཚད་ཁོར་ཡུག་མེ་ཏོག་ཆལ་བཀྲམ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་རིན་ཆེན་ལྗོངས་གཙོའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་འོད་དེ་ལ། །མེ་ཏོག་ཙམ་པ་ཀ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགྲ་བཅོམ་གྲགས་པ་མཉན་པའི་ཚེ། །དེ་བཞིན་གཤེགས་པ་དེས་པ་པོ་དེ་ནི། །གྲུ་དག་གིས་ནི་བསྒྲལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་པ་དངོས་འབྲུ་མར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་གྲགས་པའི་ཏོག་དེ་ལ། །དྲི་ཞིམ་ཞབས་བསྐུ་བ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛོད་སྤུ་ལྡན་པ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་བསྙེངས་མེད་ང་རོ་ལ། །ལྷུང་བཟེད་ཞོ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་གྲགས་ཚོང་པའི་ཁོལ་པོའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་ཡོན་ཏན་ལ། །ལན་ཚ་སྲང་འགའ་ཞིག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྡོ་རྗེ་ནོར་བུ་ཡིས། །དེ་བཞིན་གཤེགས་པ་འབར་བའི་ཏོག་དེ་ལ། །ཚོད་སྔོན་ཆང་པ་གང་ཞིག་བསོད་སྙོམས་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚེ་དཔག་མེད་ནི་སྨན་པའི་ཚེ། །དེ་བཞིན་གཤེགས་པ་སྲེད་མེད་བུ་དེ་ལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14456#UT22084-045-001-14456