Degé Kangyur volume 45, F.302.a
།དེ་བཞིན་གཤེགས་པ་སྲེད་མེད་བུ་དེ་ལ། །མིག་སྨན་རི་ལུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ནོར་བུ་བཀོད་པ་ཁྱེའུའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་གསལ་བ་ཡི། །ལམ་སྲང་དག་ཏུ་མེ་ཏོག་དཀར་པོ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དབང་ཆེན་གྱད་ཀྱི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་དགོངས་དེ་ལ། །ཀོ་དྲ་བ་ཡི་འབྲུ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་འབྱུང་གནས་བྲམ་ཟེའི་ཚེ། །དེ་བཞིན་གཤེགས་པ་ལེགས་སེམས་དེ་ལ་ནི། །རིལ་པ་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷུན་པོ་གྲགས་པ་ཡིས། །ཕྱོགས་བཞིའི་དགེ་འདུན་དག་ལ་རྫིང་ཕུལ་ནས། །དེ་བཞིན་གཤེགས་པ་བློ་གྲོས་བཟང་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་ཟེར་བཅུ་པ་ལྷ་བུའི་ཚེ། །བདེ་གཤེགས་གཟི་བརྗིད་མཐའ་ཡས་བྱང་ཆུབ་སྙིང་པོར་ནི། །སྙོམས་པར་ཞུགས་པའི་ཚེ་ན་སོར་མོ་ལྔ་བསྲེགས་ནས། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མ་སྨད་ཤིང་རྟ་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་སེང་གེའི་ཕྱག་དེ་ལ། །ལོ་མ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གླང་པོའི་འགྲོས་ནི་གྲོང་ཁྱེར་དུ། །རྟེན་པའི་ཚེ་ན་བདེ་གཤེགས་བློ་སྣང་ལ། །ཤ་མ་ཀ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡིད་འཐད་གནག་ལྷས་སྲུང་བའི་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་རྒྱལ་པོ་ལ། །དར་བ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་ཟླ་བ་ལམ་སྟོན་ཚེ། །བདེ་གཤེགས་བདེན་པའི་ཏོག་གི་ལམ་དག་ཏུ། །གོས་ཀྱི་གདན་དག་གདིང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཞི་བ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་གནས་དེ་ལ། །ཨུད་པ་ལ་ཡི་བཀྲུ་སྨན་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་གསལ་རྒྱལ་པོ་སྤོང་བརྩོན་པའི།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14457#UT22084-045-001-14457