Degé Kangyur volume 45, F.301.a
།པད་མ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པ་ནི། །ནོར་བུ་མཁན་ཚེ་བདེ་གཤེགས་སྐལ་བཞེད་ལ། །ནོར་བུ་རིན་ཆེན་མེ་ཤེལ་གཅིག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་འགྲོས་ནི་ཀླུ་རྒྱལ་ཚེ། །བདེ་གཤེགས་ཉི་ཞལ་སོས་ཀའི་དུས་དག་ཏུ། །ལམ་དུ་ཞུགས་ཚེ་ཆར་པ་ཕབ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉོན་མོངས་བྲལ་བ་གར་མཁན་ཚེ། །དེ་བཞིན་གཤེགས་པ་ཐོགས་མེད་སྤྱན་དེ་ལ། །མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འདམ་བུ་དབུལ་པོའི་བུར་གྱུར་ཚེ། །དགོན་པར་བདེ་གཤེགས་སེང་གེའི་སྟབས་དེ་ལ། །བཤོས་དྲོན་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་བཟངས་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྒྲོན་མ་ཆེ་དེ་ལ། །ལོ་མ་དག་ལས་བྱས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་རངས་ནི་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་བཞོན་པར་མཛད་དེ་ལ། །བསིལ་ཡབ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་གྲགས་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གསལ་དེ་ལ། །སོ་རས་ན་བཟའ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྲིད་མཐའ་གཟིགས་པ་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་སྙིང་པོ་ཡི། །ལམ་སྲང་དག་ནི་མཚོན་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཟླ་བ་སྤོས་འཚོང་ཚེ། །དེ་བཞིན་གཤེགས་པ་ཆོས་དེ་འཆག་པའི་ཚེ། །དུས་ཀྱི་རྗེས་འབྲང་སྤོས་ནི་ཞོ་གཅིག་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྒྲ་གཅན་ལས་མིའི་ཚེ། །དེ་བཞིན་གཤེགས་པ་ལྷ་དགའ་དེ་ལ་ནི། །ཕྱག་འཁར་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་ཟླ་བ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་བསྙེངས་མེད་དགྱེས་དེ་ལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14455#UT22084-045-001-14455