Degé Kangyur volume 45, F.297.b

འབྲས་བུའི་སྐྱེད་མོས་ཚལ་དག་དབུལ་བ་བྱས་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དོན་གནས་མཁྱེན་པ་ཆང་འཚོང་གི། །​བུར་གྱུར་ཚེ་ན་དེ་བཞིན་གཤེགས་པ་ཀུན་ཏུ་སྦེད། །​སྲང་དུ་གཤེགས་ཚེ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་བློ་རྫོགས་རྒྱལ་བུའི་ཚེ། །​དེ་བཞིན་གཤེགས་པ་རབ་ཏུ་དང་བ་ལ། །​མེ་ཏོག་དག་ལས་བྱས་པའི་གདུགས་ཕུལ་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མྱ་ངན་མེད་པ་དཔའ་བོའི་ཚེ། །​དེ་བཞིན་གཤེགས་པ་བློ་གྲོས་སེམས་པ་དེ། །​འཇིགས་པ་མེད་པའི་ཚུལ་གྱིས་སྤྱན་དྲངས་ནས། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དྲི་མ་བྲལ་བ་ཡིས། །​སེམས་ཅན་ཀུན་ལ་ཡུད་ཙམ་བྱམས་བསྒོམས་ནས། །​དེ་བཞིན་གཤེགས་པ་ངེས་བྱུང་བློ་དེ་ལ། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཚངས་ལྷ་ཤིང་སྲུངས་ཚེ། །​དེ་བཞིན་གཤེགས་པ་ལྷུན་པོའི་དབྱངས་དེ་ལ། །​བུ་རམ་ཤིང་གི་སྡོང་བུ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ས་ཡི་དབང་ཕྱུག་ནི། །​དགེ་སློང་གྱུར་ཚེ་དེ་བཞིན་གཤེགས་པ་པོ། །​སྣ་ཚོགས་གསུང་བའི་ཆོས་གདན་བཏིང་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མེ་ཏོག་སྤྱན་ནི་རྒྱལ་པོ་ཡི། །​མིར་གྱུར་ཚེ་ན་བདེ་གཤེགས་འབྲུག་སྒྲ་ལ། །​ཨུད་པལ་དམར་པོ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རྣམ་འབྱེས་སྐུ་ནི་བཙོ་བླག་མཁན། །​གྱུར་ཚེ་བདེ་གཤེགས་འོད་ཆེན་ཕུང་པོ་ཡི། །​ན་བཟའ་དག་ནི་བཀྲུ་བཤལ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཆོས་འོད་ཀྱིས་ནི་གྲོང་དག་དང་། །ཡུལ་འཁོར་རྣམས་སུ་ཕ་རོལ་ཕྱིན་དྲུག་སྒྲ་བསྒྲགས་ནས། །​དེ་བཞིན་གཤེགས་པ་དཔལ་ནི་བརྩེགས་པ་དེ་ལ་ཡང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཀུན་གཟིགས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཚེ། །​གཙུག་ལག་ཁང་མཆོག་བྱེ་བ་དྲུག་ཅུ་བྱེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14448#UT22084-045-001-14448