Degé Kangyur volume 45, F.298.a

བཅུག་ནས། །​དེ་བཞིན་གཤེགས་པ་མྱ་ངན་མེད་པར་དགའ་དེ་ལ། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་ཡོན་ཏན་འོད་གསལ་ཕྱག་དར་པར། །​གྱུར་ཚེ་བདེ་གཤེགས་ཡུལ་འཁོར་ལྷ་དེ་ལ། །​རྡོ་ལེབ་གདན་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་ཟླ་ཞལ་བྲམ་ཟེའི་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་སེང་གེ་དགའ་བའི་དབྱངས་དེ་ལ། །​ཀན་ཏ་ར་ཡི་མེ་ཏོག་དག་ནི་གཏོར་ནས་ཀྱང་། །​དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རིན་ཆེན་འོད་ནི་དེད་དཔོན་ཚེ། །​དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ། །​རིན་པོ་ཆེ་ཡི་སྒྲོན་མ་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་རིན་ཆེན་ཏོག་ནི་ལྕགས་མགར་ཚེ། །​དེ་བཞིན་གཤེགས་པ་མཐོང་ན་དགའ་དེ་ལ། །​ལྗགས་བཞར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་གྲགས་བླ་ཆང་ཚོང་ཚེ། །​དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་ལ། །​འཛམ་བུའི་རོ་བྲོ་བ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་འོད་བྱེད་ཚོང་དཔོན་བུར་གྱུར་ཚེ། །​དེ་བཞིན་གཤེགས་པ་དཔལ་གྱི་ཏོག་དེ་ལ། །​མུ་ཤི་ཀག་ཤའི་མེ་ཏོག་གཏོར་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་གཟི་བརྗིད་དཔག་མེད་ཕྲེང་རྒྱུད་ཚེ། །​དེ་བཞིན་གཤེགས་པ་ཕྱོགས་སུ་རྣམ་གྲགས་ལ། །​པད་མ་འདབ་བརྒྱ་པ་དག་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་དུས་མཁྱེན་གོས་འཚོང་ཚེ། །​དེ་བཞིན་གཤེགས་པ་སྤྱན་སྡུག་དེ་ལ་ནི། །​རས་ཡུག་དག་ནི་དབུལ་བ་བྱས་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་སེང་གེའི་སྐུ་ནི་སྤོས་འཚོང་ཚེ། །​དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ལ། །​སྤོས་ཀྱི་ཕུར་མ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​བདེ་གཤེགས་མཁས་བློ་ཚོང་དཔོན་ཁོལ་པོའི་ཚེ། །​དེ་བཞིན་གཤེགས་པ་འཇིགས་མེད་སྦྱིན་དེ་ལ། །​མེ་ཏོག་ཆུན་པོ་དག་ནི་ཕུལ་ནས་ཀྱང་། །​དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །​དེ་བཞིན་གཤེགས་པ་རྒྱལ་དཀའ་ལྷའི་བུའི་ཚེ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14449#UT22084-045-001-14449