Degé Kangyur volume 45, F.297.a
དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐེ་ཙོམ་སྤངས་པ་རྒྱལ་པོ་ཡི། །བཙུན་མོར་གྱུར་ཚེ་བདེ་གཤེགས་བརྩོན་བརྟན་ལ། །མེ་ཏོག་སྐྱེད་མོས་ཚལ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་འདས་པ་མ་མི་ཁར། །གྱུར་ཚེ་བདེ་གཤེགས་ཐུབ་པར་གྲགས་དེ་ལ། །དབུ་ཞུ་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ཡོད་རྣམ་གནོན་མི་མཇེད་བདག །ཚངས་ཚེ་བདེ་གཤེགས་གྲགས་པ་རྒྱལ་མཚན་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྟོགས་པར་མཛད་པ་པོས། །དེ་བཞིན་གཤེགས་པ་དགྲ་བཅོམ་འོད་དེ་ལ། །སྤོས་ཀྱི་རི་ལུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་རྒྱལ་མཚན་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་ཀུན་ནས་གསལ་དེ་ལ། །རྩྭ་ཡིས་བཀབ་པའི་ཁང་བཟངས་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་དབང་རྒྱལ་པོ་འདྲེག་མཁན་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ཆེ་དེ་ཡི། །དབུ་སྐྲ་ལེགས་པར་བྲེག་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཟི་བརྗིད་ཆེན་པོ་འབྲུ་མར་མཁན། །གྱུར་ཚེ་བདེ་གཤེགས་དགྲ་བཅོམ་མཆོད་འོས་ཀྱི། །གཙུག་ལག་ཁང་དུ་སྤོས་བསྒོས་འབྲུ་མར་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་མཛད་གཟིགས་པ་ཏ་ལ་བའི་ཚེ། །དེ་བཞིན་གཤེགས་པ་དཔལ་གྱི་མཆོག་དེ་ལ། །ལྷང་ཚེར་ལེབ་ལེབ་པོ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་པ་མཐའ་ཡས་འཁོར་ལོས་སྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་དོན་གྲུབ་སེམས་དཔའ་དེ་ལ་ནི། །འཛམ་བུའི་ཆུ་བོའི་གསེར་གྱི་གདུགས་སྟོང་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ལྷ་ནི་འཛམ་གླིང་གི། །རྒྱལ་པོར་གྱུར་ཚེ་དེ་བཞིན་གཤེགས་པ་དགའས་མཆོད་ལ། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14447#UT22084-045-001-14447