Degé Kangyur volume 45, F.295.b
།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་ཀྱིས། །བདེ་གཤེགས་གྲགས་ཏོག་ཤེས་རབ་ཕ་རོལ་ཕྱིན། །གསུང་ཚེ་ལེགས་གསུངས་ཞེས་ནི་ཡི་རང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ངེས་ལྡན་པ་ཐ་ག་པར། །གྱུར་ཚེ་བདེ་གཤེགས་ཡོན་ཏན་གསལ་བ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚེམས་སྦྱིན་བློ་ཆེན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་དེ་ལ། །བསིལ་ཡབ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་འབྱུང་གནས་གཞུ་མཁན་ཚེ། །དེ་བཞིན་གཤེགས་པ་གསལ་རབ་དཔལ་དེ་ལ། །མེ་ཏོག་སྙིམ་པ་བཀང་སྟེ་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་མཚུངས་པ་རྫ་མཁན་ཚེ། །དེ་བཞིན་གཤེགས་པ་ཞལ་སྡུག་སྡེ་བདག་ལ། །སྣོད་དག་ཆུ་ཡིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྟབས་གཤེགས་ཞིང་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སེང་གེའི་སྟབས་བཞུད་ལ། །ཟམ་སྟེགས་དག་ནི་གཟུགས་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གནས་ཤིང་སྲུངས་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སྐྱེ་བོའི་མཆོད་རྟེན་ལ། །སེའུ་འབྲུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གདུགས་མཛེས་བློན་པོའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྒྱ་མཚོའི་བློ་དེ་ལ། །ཙམ་པའི་མེ་ཏོག་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གཙོ་བོ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་པད་མའི་སྙིང་པོ་ལ། །བདུག་པས་བདུགས་པའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་འཕགས་དཔལ་སྤོས་འཚོང་བུར། །གྱུར་ཚེ་དེ་བཞིན་གཤེགས་པ་གདུགས་སྡེ་ཡི། །འཆག་ས་སྤོས་ཆུས་ཆག་ཆག་བཏབ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14444#UT22084-045-001-14444