Degé Kangyur volume 45, F.295.a
།དེ་བཞིན་གཤེགས་པ་ཡན་ལག་མཛེས་དེ་ལ། །ཁྲུས་རས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་མཆོག་འཛིན་སྨན་པའི་ཚེ། །དེ་བཞིན་གཤེགས་པ་རྙོག་པ་མེད་དོན་ལ། །བདུག་པ་དང་ནི་དར་ཡུག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མུན་དད་རྣམ་བྲལ་རྒྱལ་པོ་ཡི། །མདུན་འདོན་བུར་གྱུར་ཚེ་ན་དེ་བཞིན་གཤེགས། །དགྲ་བཅོམ་གཟི་ལ་མུ་ཏིག་རྒྱན་ཕྲེང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སེང་གེའི་འགྲམ་པ་ཡིས། །དེ་བཞིན་གཤེགས་པ་དོན་གྲུབ་བློ་དེ་ལ། །འདམ་རྫབ་དག་ཏུ་ཤིང་ཟམ་བཙུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་གྲགས་པ་སྤོས་འཚོང་གི། །བུར་གྱུར་ཚེ་ན་བདེ་གཤེགས་དབྱངས་མངའ་ལ། །ཕྱེ་མ་སྤར་གང་དག་ནི་གཏོར་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱོན་རབ་ཞི་བ་རྒྱལ་བུའི་ཚེ། །གསད་བྱ་བཙོན་དག་འབྲོས་སུ་བཏང་ནས་ཀྱང་། །དེ་བཞིན་གཤེགས་པ་ས་མཆོག་དེ་ལ་ནི། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བདུད་རྩི་འཆང་བ་གྲོང་དཔོན་ཚེ། །དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །བཻ་དཱུརྱ་ཡི་གདུགས་སྟོང་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་ཟླ་ཕྲེང་རྒྱུད་མཁན་བུའི་ཚེ། །དེ་བཞིན་གཤེགས་པ་ངེས་པར་སེམས་དེ་ལ། །ཨུད་པ་ལ་ཡི་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཤིན་ཏུ་གཟིགས་པ་ནི། །འདུན་དཔོན་ཚེ་ན་དེ་བཞིན་གཤེགས་པ་པོ། །བདེན་པར་གསུང་བ་དེ་ལ་ཕྲེང་བ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་བརྒྱན་གྲོང་ཁྱེར་ལ་རྟེན་པའི། །བུར་གྱུར་ཚེ་ན་བདེ་གཤེགས་མདངས་འོད་ཀྱི། །གྲོང་ཁྱེར་སྒོ་དག་མཛེས་པར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ནོར་འོད་བརྒྱ་བྱིན་གྱུར་པའི་ཚེ། །བདེ་གཤེགས་གཟི་བརྗིད་མེ་ཏོག་རྒྱས་པ་ལ། །དཔག་ཚད་ཁོར་ཡུག་མེ་ཏོག་ཆར་ཕབ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14443#UT22084-045-001-14443