Degé Kangyur volume 45, F.296.a
།དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་སྒྲ་ནི་རྔ་མཁན་ཚེ། །དེ་བཞིན་གཤེགས་པ་སཱ་ལའི་རྒྱལ་པོ་ལ། །རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་རོལ་ལྡན་པ་དུང་འབུད་མཁན། །གྱུར་ཚེ་བདེ་གཤེགས་ཉི་མའི་སྙིང་པོ་དེ། །གྲོང་ཁྱེར་གཤེགས་ཚེ་དུང་དག་བུས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བཞི་པ། དེ་བཞིན་གཤེགས་པ་ཀླུ་འོད་ཟླ་བའི་ཚེ། །དེ་བཞིན་གཤེགས་པ་བྱང་ཆུབ་དགའ་དེ་ལ། །རྔ་བོ་ཆེ་དག་བརྡུང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་རི་བོ་གར་མཁན་བུར། །གྱུར་ཚེ་བདེ་གཤེགས་དབང་པོ་ཞི་དེ་ཡི། །སྤྱན་སྔར་བྲོ་གར་དག་གིས་མཆོད་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀླུ་དགའ་གར་མཁན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཉི་མའི་འོད་དེ་ལ། །རོལ་མོའི་སྒྲ་དག་བསྒྲགས་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ཡི། །སྲས་མོར་གྱུར་ཚེ་དེ་བཞིན་གཤེགས་པ་པོ། །པད་དཀར་སྤོས་ལ་མུ་ཏིག་རྒྱན་ཕྲེང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་གྲགས་པ་ཚོང་དཔོན་གྱི། །ཆུང་མར་གྱུར་ཚེ་དེ་བཞིན་གཤེགས་པ་པོ། །ལྷུན་པོའི་འོད་ཟེར་སྤྱི་བོར་བླ་རེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྟོབས་ལྷ་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཞལ་དེ་ལ། །བཤོས་དྲོན་ལྷུང་བཟེད་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་ཕྲེང་ལྡན་གྱིས། །དེ་བཞིན་གཤེགས་པ་བསྒྱིངས་ལྡན་བཞུད་དེ་ལ། །སངས་རྒྱས་ཕྱག་འཚལ་ཐལ་མོ་ལན་གསུམ་སྦྱར། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཀླུ་ལག་གྲོང་ཁྱེར་གྱི། །སྒོ་སྲུངས་ཚེ་ན་ཕྱག་དར་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་ཕྱོགས་རྣམས་ལྟ་དེ་ལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14445#UT22084-045-001-14445