Degé Kangyur volume 45, F.294.b
།དེ་བཞིན་གཤེགས་པ་དཔའ་བོའི་སེམས་དེ་ལ། །རྩྭ་ཡི་སྟན་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེས་བྱིན་པ་ཁྱིམ་བདག་གི། །བུར་གྱུར་ཚེ་ན་བདེ་གཤེགས་པད་སྙིང་ལ། །སྣ་མའི་མེ་ཏོག་ཡོད་པའི་ས་གཞི་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གཞན་གྱིས་མི་ཐུབ་རྒྱལ་མཚན་གྱིས། །འཇིགས་བཅས་ལམ་དུ་འདྲོན་པའི་བསེལ་བྱས་ནས། །དེ་བཞིན་གཤེགས་པ་སྲེད་མེད་བུ་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོག་དགའ་གྲགས་པ་བུ་རམ་ཤིང་། །འཚིར་གྱུར་ཚེ་ན་དེ་བཞིན་གཤེགས་པ་པོ། །བློ་རྣམ་འབྱེད་ལ་བུ་རམ་བཅུད་ཁུ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྩོན་འགྲུས་བརྟན་པ་བྲམ་ཟེའི་བུར། །གྱུར་ཚེ་བདེ་གཤེགས་འོད་ཟེར་མཐའ་ཡས་ལ། །ཁྲུས་རྐྱེན་འདག་པའི་ཚལ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲགས་རྫོགས་ཆང་འཚོང་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་སེང་གེའི་ང་རོ་ལ། །ལོ་མའི་སྣོད་ནས་ཆུ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྙེངས་བྲལ་རྒྱལ་པོའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྒྱལ་པོའི་ང་རོ་ལ། །ལོ་མའི་སྣོད་ནས་བར་ཤའི་མེ་ཏོག་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོད་འོས་ལྷ་ནི་བློན་མཆོག་གྱུར་པའི་ཚེ། །བདེ་གཤེགས་ཡིད་འོང་བློ་འོད་དག་ལ་དཔག་ཚད་གཅིག །ཁོར་ཡུག་ཙམ་གྱི་སྐྱེད་མོས་ཚལ་ཕུལ་ཨ་ག་རུའི། །བདུག་པས་བདུགས་ཏེ་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲོན་ཆེན་མི་བཀྲེན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །རྩྭ་ཡི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འཇིག་རྟེན་འོད་ནི་ལྷའི་བུའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །མེ་ཏོག་མན་དཱ་ར་བའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་དྲི་ཞིམ་པ་གྱད་གྱུར་ཚེ། །དེ་བཞིན་གཤེགས་པ་ཡན་ལག་མཛེས་དེ་ལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14442#UT22084-045-001-14442