Degé Kangyur volume 45, F.294.a
།དེ་བཞིན་གཤེགས་པ་ཡུལ་འཁོར་ལྷ་དེ་ལ། །ཞལ་ཟས་བཅའ་བ་རྣམས་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རུ་རིངས་གཞན་གྱི་ཁོལ་གྱུར་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དགའ་དེ་ལ། །ལྷུང་བཟེད་འཇམས་ཀྱིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་གྲགས་པ་བསོད་སྙོམས་ཚེ། །དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ལ། །གོས་ཀྱི་རས་མ་སོར་བཞི་ཙམ་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཉི་ཟླས་བདེ་གཤེགས་སྲིད་སྦྱིན་དེ། །འཁོར་བཅས་བྱེ་བ་སུམ་ཅུ་དག་ལ་གཙུག་ལག་ཁང་། །བཟང་པོར་ལོངས་སྤྱོད་ཕྱིར་དང་དཔག་ཚད་བཅུ་པའི་གོས། །གདིང་བ་ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་འོད་གཞན་གྱི་ཁོལ་གྱུར་ཚེ། །དེ་བཞིན་གཤེགས་པ་ལྷུན་པོ་ཆེ་དེ་ལ། །ལྕགས་ཀྱི་སྣོད་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐར་མཁན་ཚོང་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཕྱོགས་གསལ་དེ་ལ་ནི། །ནོར་བུ་རིན་ཆེན་དཔག་ཚད་གཅིག་འོད་ལྡན། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སེང་ཏོག་དེད་དཔོན་གྱི། །བུར་གྱུར་ཚེ་ན་དེ་བཞིན་གཤེགས་པ་པོ། །བློ་གྲོས་བཟང་ལ་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་དངགས་མཁན་ཚེ་བདེ་གཤེགས་ཙམ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་ཡིས། །གཞན་གྱི་དགེ་འདུན་བཤོས་གསོལ་ཡི་རང་ནས། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྲིད་མཐའ་གཟིགས་པ་ཚལ་དག་གི། །ལས་བྱེད་ཚེ་ན་དེ་བཞིན་གཤེགས་པ་པོ། །ཁྱད་པར་སེམས་ལ་ཆབ་གཙང་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གློག་འོད་རྔོན་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་དཔའ་བོའི་སེམས་དེ་ལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14441#UT22084-045-001-14441