Degé Kangyur volume 45, F.293.b
།དེ་བཞིན་གཤེགས་པ་ཡེ་ཤེས་ཏོག་དེ་ལ། །སྦྱིན་པ་ཕུན་སུམ་ཚོགས་པས་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་རྡོ་རྗེའི་རྒྱལ་མཚན་ནི། །ཚལ་གྱི་ལས་བྱེད་ཚེ་ན་དེ་བཞིན་གཤེགས། །བསོད་ནམས་བཀོད་དེ་ལ་ནི་ཨ་མྲ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཕན་བཞེད་གྲོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་ཅེས་བྱ་བ་ལས། །ཉིན་གཅིག་སྲོག་གཅོད་སྤོང་བའི་བསླབ་གཞི་མནོས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་རོལ་གྲོང་རྡལ་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ལ། །ལྷུང་བཟེད་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་མུན་དང་བྲལ་བ་ཡིས། །དེ་བཞིན་གཤེགས་པ་སྲིད་མཐའ་གཟིགས་དེ་ལ། །མོན་སྲན་གྲེའུ་འབྲུ་མར་མེ་བཞག་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ལྷ་ནི་གྲོང་རྟེན་ཚེ། །དེ་བཞིན་གཤེགས་པ་དགའ་བར་གཟིགས་དེ་ལ། །ཧ་སྟ་བ་ཤ་ཀ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རི་བོའི་རྒྱལ་མཚན་ཚོགས་ལྡན་གྱི། །ཁྱེའུར་གྱུར་ཚེ་བདེ་གཤེགས་མཐའ་ཡས་འོད། །དེ་ལ་མེ་ཏོག་ཆུན་པོ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་འོད་ནི་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་ཡིད་འོང་དབྱངས་དེ་ལ། །མེ་ཏོག་ལས་བྱས་བླ་རེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་སྙིང་པོ་ཁྲུས་པའི་ཚེ། །དེ་བཞིན་གཤེགས་པ་སྣ་ཚོགས་གསུང་བ་ལ། །ཁ་གདོང་བཀྲུ་བ་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཤིན་ཏུ་མཐོར་གཤེགས་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་ཚུལ་ཁྲིམས་སྟབས་དེ་གྲོང་ཁྱེར་དུ། །གཤེགས་པའི་ཚེ་ན་གདན་དག་བཤམས་ཏེ་བཏིང་ནས་ཀྱང་། །དང་པོ་ཁོ་ནར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐར་རྒྱལ་ད་ནུར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཡུལ་འཁོར་ལྷ་དེ་ལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14440#UT22084-045-001-14440