Degé Kangyur volume 45, F.293.a
།ཁང་པ་བརྩེགས་པ་ཙན་དན་དམར་པོས་བྱུགས་ནས་ཀྱང་། །དང་པོ་ཁོ་ནར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལག་བཟངས་རྒྱལ་པོའི་ཕོ་ཉའི་ཚེ། །དེ་བཞིན་གཤེགས་པ་དབྱངས་སྙན་སྒྲོགས་པར་མཛད་པ་གང་། །འཁོར་བཅས་བྱེ་བ་དག་ལ་ཆོས་གོས་གསུམ་ཕུལ་ནས། །དང་པོ་ཁོ་ནར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ནི། །ཚན་པོ་ཆེར་གྱུར་གཡུལ་ངོར་ཆས་པའི་ཚེ། །བདེ་གཤེགས་ལེགས་མཐོང་ལ་ནི་རྒྱལ་མཚན་གཅིག །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་འཕྲོ་སྨན་པའི་ཚེ། །དེ་བཞིན་གཤེགས་པ་སྐྱེ་བོའི་མཆོད་རྟེན་ལ། །སྤོས་ཀྱི་རེང་བུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་བྱིན་ལམ་སྟོན་ཚེ། །དེ་བཞིན་གཤེགས་པ་འོད་ཆེན་ཞེས་བྱ་བ། །དེ་ལ་ལམ་དག་མཚོན་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རིན་ཆེན་འབྱུང་གནས་མཉན་པའི་ཚེ། །དེ་བཞིན་གཤེགས་པ་བརྫི་བ་མེད་གཤེགས་དེ། །ཉན་ཐོས་འཁོར་བཅས་བྱེ་བ་བསྒྲལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་མེ་ཏོག་ནོར་བུ་མཁན། །གྱུར་ཚེ་དེ་བཞིན་གཤེགས་པ་བློ་གསལ་ལ། །ནོར་བུ་རིན་ཆེན་སྤྲས་པའི་གདུགས་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ལེགས་སེམས་པ་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་གསུང་སྙན་དེ་ལ་ནི། །ནོར་བུ་རིན་ཆེན་སྤྲས་པའི་བླ་རེ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་དབང་ཕྱུག་ཤིང་མཁན་གྱི། །བུར་གྱུར་ཚེ་ན་བདེ་གཤེགས་སྐར་འོད་ཀྱི། །གཤེགས་ཟམ་དག་ནི་བཤམ་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་གྲགས་ཀུན་དགའ་ར་སྲུངས་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་དེ་ལ། །མོན་སྲན་གྲེའུ་ཡི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོབས་བརྩེགས་ཚོང་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་ཏོག་དེ་ལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14439#UT22084-045-001-14439