Degé Kangyur volume 45, F.291.b
།རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཆོག་དགའ་རྒྱལ་པོ་སྤོས་འཚོང་ཚེ། །དེ་བཞིན་གཤེགས་པ་ཡེ་ཤེས་མཆོད་རྟེན་ལ། །ཕྱེ་མ་སྤར་གང་ཕུལ་ཏེ་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁ་ལོ་སྒྱུར་བ་བྱིས་པའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་རྫུ་འཕྲུལ་ལ། །པ་ལ་བ་ཏ་གསུམ་ཞིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགའ་གཤེགས་རྒྱལ་པོའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་པོ་ལ། །དངུལ་གྱི་མེ་ཏོག་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆུ་ལྷ་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཁ་དོག་དཔག་མེད་ལ། །ལྷུང་བཟེད་སྦྲང་རྩིས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་ལག་ནི་རྩེ་བའི་ཚེ། །དེ་བཞིན་གཤེགས་པ་སྟོབས་ཆེན་དེ་ལ་ནི། །འཆག་ས་ཁྲུ་བརྒྱད་ཁོར་ཡུག་བཀྲམ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་གླང་སྤོས་འཚོང་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བཀོད་པ་རྣམ་གྲོལ་གྱི། །འཆག་ས་སྤོས་ཀྱི་ཆུ་ཡིས་ཆག་ཆག་བཏབ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་གཟིགས་གོས་འཚོང་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་གཟིགས་པ་སྒྲིབ་མེད་ལ། །མེ་ཏོག་གི་ནི་གདུགས་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འབྲུག་སྒྲ་རྫ་མཁན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་སེང་གེའི་སྟབས་དེ་ལ། །སྤོས་དང་རིལ་བ་གཅིག་ཅིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་སེམས་ཁྱེའུ་ལོ་གསུམ་ལོན་པའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་གཟིགས་ལ། །པད་མ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡིད་བཟང་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྩལ་སྦྱིན་དེ་ལ་ནི། །སྣ་མའི་མེ་ཏོག་ཕྲེང་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14436#UT22084-045-001-14436