Degé Kangyur volume 45, F.291.a
།དེ་བཞིན་གཤེགས་པ་ཀླུ་སྦྱིན་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སེང་གེ་རྣམ་བསྒྱིངས་ལ། །མེ་ཏོག་དག་གི་ཆུན་པོ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟན་གཤེགས་ནོར་བུ་མཁན་གྱུར་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་སྤོང་དེ་ལ། །རིན་པོ་ཆེ་ཡི་དྲ་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་ཡོད་མཐོང་བ་ནད་པའི་གསོས་སྨན་ལ། །སྦྱོར་མཁན་བུར་གྱུར་ཚེ་ན་དགེ་སློང་དགེ་འདུན་དག །སྤྱན་དྲངས་ནད་སྨན་སྦྱར་ནས་བདེ་གཤེགས་ལེགས་མཐོང་ལ། །དང་པོ་ཁོ་ནར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྩོན་འགྲུས་སྦྱིན་པ་འཁོར་ལོས་སྒྱུར་རྒྱལ་ཚེ། །ཙན་དན་དམར་པོ་དག་ལས་གཙུག་ལག་ཁང་བརྒྱ་སྟོང་། །བྱས་ཏེ་རས་བཅོས་གཡོགས་ནས་དེ་བཞིན་གཤེགས་པ་པོ། །བདུད་རྩིའི་སྟབས་ལ་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བཟང་སྐྱོང་གིས་ནི་བདེ་གཤེགས་ཟླ་བའི་འོད། །ཉན་ཐོས་བཅས་པའི་དགེ་འདུན་འཁོར་བཅས་ཁྲི་ཕྲག་བཅུ། །ཞག་བདུན་བར་དུ་ཞལ་ཟས་རོ་ནི་བརྒྱ་ལྡན་པས། །ཚིམ་པར་མཛད་དེ་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགའ་བོ་རྩལ་ཆེན་བྲམ་ཟེའི་བུར། །གྱུར་ཚེ་དེ་བཞིན་གཤེགས་པ་མཆོག་གྲགས་ལ། །ཡུ་བ་ནོར་བུས་སྤྲས་པའི་རྔ་ཡབ་གཅིག །ཕུལ་ནས་དང་པོར་བྱང་ཆུབ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འཆི་མེད་རྒྱལ་པོ་ཡི། །ཕོ་ཉར་གྱུར་ཚེ་བདེ་གཤེགས་དབང་སྦས་ལ། །པན་ཙ་ལི་ཡི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེའི་རྒྱལ་མཚན་ཞིང་པའི་ཚེ། །དེ་བཞིན་གཤེགས་པ་ང་རོ་གསལ་དེ་ལ། །སྐྱུ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྒྱལ་བ་ཚལ་གྱི་ལས་བྱེད་ཚེ། །དེ་བཞིན་གཤེགས་པ་ཐོགས་མེད་འཁོར་ལོ་ལ། །ཨ་རུ་ར་ཡི་འབྲས་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཆོས་ལྡན་དཔའ་བོའི་ཚེ། །དེ་བཞིན་གཤེགས་པ་བདུད་རྩིའི་ང་རོ་ལ། །རྒྱལ་མཚན་དག་ནི་དབུལ་བ་བྱས་ནས་ཀྱང་།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14435#UT22084-045-001-14435