Degé Kangyur volume 45, F.290.a
།བདེ་གཤེགས་གདུལ་དཀའ་ཤིང་འཚོང་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བརྟན་པར་གཤེགས་དེ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་མཚན་ཆུའི། །སྦྱིན་བདག་གྱུར་ཚེ་བདེ་གཤེགས་ཡིད་འོང་གྲགས། །དེ་ལ་ཆུ་སྣོད་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ཕྲེང་རྒྱུད་མཁན་བུའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་གཟུགས་དེ་ལ། །གསེར་གྱི་མཆིལ་ལྷམ་ཟུང་ཅིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚོགས་ཅན་ཁྲུས་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཐུགས་རབ་དང་བ་ལ། །ཁྲུས་ཀྱི་ཆལ་དག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་དབྱངས་ཕྱུགས་རྫིར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་དབྱངས་སྙན་དང་པོར་མངོན་རྫོགས་པར། །སངས་རྒྱས་གྱུར་པའི་ཚེ་ན་དེ་ལ་ཕྱེ་བྲེ་གང་། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚིགས་བརྟན་འགྲོན་བུ་འཚོང་བའི་བུར། །གྱུར་ཚེ་བདེ་གཤེགས་མི་གཡོར་གཤེགས་པ་ལ། །འགྲོན་བུ་སྤར་གང་གཏོར་དེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མི་འགྱིང་རྒྱལ་བུ་དགའ་འདོད་ཚེ། །དེ་བཞིན་གཤེགས་པ་བཀོད་པ་མཐའ་ཡས་ལ། །གླུ་དབྱངས་དག་གིས་མཆོད་པ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་མཛད་འཁོར་ལོ་སྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་བརྩེགས་འོད་ལ། །ན་བཟའ་རིན་པོ་ཆེ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ལྷུན་པོ་ཆེན་པོ་ཡིས། །དེ་བཞིན་གཤེགས་པ་བློ་གནས་དེ་ལ་ནི། །མེ་ཏོག་མྱ་ངན་འཚང་བ་བདུན་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྡོ་རྗེ་ལྷ་དབང་བརྒྱ་བྱིན་དུ། །གྱུར་ཚེ་དེ་བཞིན་གཤེགས་པ་བརྟན་པ་ལ། །མེ་ཏོག་མན་དཱ་ར་བའི་ཆར་ཕབ་ནས། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14433#UT22084-045-001-14433