Degé Kangyur volume 45, F.289.b
།དེ་བཞིན་གཤེགས་པ་ཡིད་འོང་གཟི་བརྗིད་ལ། །ཀ་ཀ་ནི་ཡའི་བདུག་སྤོས་གསོལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་འོད་ནི་གསེར་རྟོག་ཚེ། །དེ་བཞིན་གཤེགས་པ་མཚུངས་པ་མེད་དེ་ལ། །མེ་ཏོག་གཅིག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་གཟིགས་འཁོར་ལོས་སྒྱུར་རྒྱལ་ཚེ། །དེ་བཞིན་གཤེགས་པ་འོད་དཔག་མེད་མཛོད་ལ། །ཁང་པ་བརྩེགས་པ་སྟོང་སྙེད་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མར་མེ་སྤོས་འབྲུ་མར་འཚོངས་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྣམ་པར་རོལ་པར་སྣང་བ་གང་། །བྱེ་བ་དྲུག་ཅུའི་འཁོར་བཅས་དག་ལ་ཁྲུས་ཁང་གཅིག །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་ལྡན་གོས་འཚོང་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་གྲགས་པ་རྒྱས་དེ་ལ། །རས་བཅོས་ལེབ་ལེབ་ཕོ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྨན་པ་སྨན་པའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྒྱལ་མཚན་བྲལ་དེ་ལ། །སྤོས་ཀྱི་རི་ལུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དེས་པ་འབྲུ་མར་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་འཕགས་འཇོམས་མཛད་དེ་ལ། །མར་མེ་ཁ་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཛོད་སྤུ་ཕྲེང་རྒྱུད་མཁན་གྱི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་ལ། །ཨུད་པལ་དམར་པོ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བརྟན་ལྡན་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་དེ་ལ་ནི། །རིན་པོ་ཆེ་ལས་བྱས་པའི་གདན་ཁྲི་གྲངས་བརྒྱད་ཅུ། །རྩ་བཞི་ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་དཔལ་རྒྱ་མཚོའི་ཚོང་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོའི་འོད་དེ་ལ། །ནོར་བུ་རིན་ཆེན་བླ་རེ་དཔག་ཚད་གཅིག་སྣང་བ། །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གདུལ་དཀའ་ཤིང་འཚོང་གྱུར་པའི་ཚེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14432#UT22084-045-001-14432