Degé Kangyur volume 45, F.287.a

ཚད། །​དཔག་ཚད་ཉིས་སྟོང་ཡབ་ནི་ཟླ་བཟངས་ཡིན། །​སྤྲིན་གྱི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གློག་ལྡན་སྣང་བ་རིམ་གྲོ་པ། །​སྣང་བ་བྱེད་ཅེས་བྱ་བ་བློ་ཅན་ཏེ། །​ཡིད་འོང་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་ཐེར་འབུམ་ཕྲག །​བཅུ་སྟེ་ཐམས་ཅད་ལ་ཡང་བསམ་གཏན་པ། །​ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་འབུམ་ཡང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སྟོང་སྙེད་ཁོ་ནར་གནས་པར་འགྱུར། །​འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །​རྒྱས་འགྱུར་ཞིང་རྣམས་རྣམ་པར་གང་བར་འགྱུར། །​དེ་བཞིན་གཤེགས་པ་དགྱེས་པ་གསལ་བ་ཡི། །​སྐྱེ་བའི་ཡུལ་ནི་དགའ་བྱེད་མཆོག་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་འབུམ་ཡོད་མི་འཁྲུགས་པ་ནི་ཡབ། །​བདུད་རྩིའི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བདུད་རྩི་རྣམ་གྲོལ་རིམ་གྲོ་པ། །​སེང་གེའི་ང་རོ་ཞེས་བྱ་མཁས་པ་སྟེ། །​གནས་པ་མི་འཁྲུགས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​ཐམས་ཅད་གནས་ཤེས་པ་ལ་མཁས་པ་པོ། །​བྱེ་བ་ཕྲག་ནི་སུམ་ཅུ་ལྔ་ལྔ་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་དྲུག་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །​སྐུ་གདུང་མཆོད་རྟེན་དཔག་ཚད་གསུམ་པ་གཅིག །​རིན་ཆེན་མཆོག་གི་དྲ་བས་མཛེས་པར་བྱས། །​དེ་བཞིན་གཤེགས་པ་སེང་གེའི་ཞལ་སྐྱེ་བའི། །​ཡུལ་ནི་སྨྲ་བའི་མཆོད་རྟེན་ཞེས་ཀྱང་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སྟོང་ཡོད་ཡབ་ནི་གཟི་བརྗིད་བཟང་། །​གོས་ལ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཁ་སྒྱུར་ལེགས་གནས་རིམ་གྲོ་པ། །​ཡེ་ཤེས་ཟིལ་གྱིས་གནོན་པ་མཁས་པ་སྟེ། །​མྱ་ངན་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​གཏི་མུག་མེད་པའི་ཕ་མཐར་ཕྱིན་འཕགས་པ། །​བྱེ་བ་ཕྲག་ནི་བདུན་ཅུ་བརྒྱད་བརྒྱད་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14427#UT22084-045-001-14427