Degé Kangyur volume 45, F.286.b

ལྷ་ཡི་གཞལ་མེད་མཚུངས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ལྔ་བཅུ་ཀུན་ལ་ཡང་། །​དགྲ་བཅོམ་བདུད་རྣམས་འཇོམས་པར་བྱེད་པ་པོ། །​བྱེ་བ་ཕྲག་ནི་ལྔ་བཅུ་ལྔ་ལྔ་ཡོད། །​མི་ཚེ་ལོ་གྲངས་བརྒྱད་ཁྲི་ལྔ་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བཞི་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བཟང་པོས་སྟོང་གསུམ་གང་བར་འགྱུར། །​དེ་བཞིན་གཤེགས་པ་བརྟན་པའི་དབྱངས་སྐྱེ་བའི། །​ཡུལ་ནི་དྲག་ཤུལ་སྒྲ་དག་འབྱུང་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་དགུ་སྟོང་ཡབ་ནི་གནས་པ་མཆོག །​གསེར་གྱི་མདོག་ཅེས་བྱ་བ་རྒྱལ་བའི་ཡུམ། །​འཇིག་རྟེན་ལམ་སྲས་སྒྲོན་མ་རིམ་གྲོ་པ། །​ཡོན་ཏན་མཆོག་ཅེས་བྱ་བ་མཁས་པ་སྟེ། །​ཀུ་མུ་ད་ཡི་སྙིང་པོ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​བག་ཆགས་རྩ་ནས་བཏོན་པའི་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་དྲུག་ཅུ་བརྒྱད་བརྒྱད་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །​འགྲོ་ལ་ཕན་ཕྱིར་རྒྱལ་བའི་སྐུ་གདུང་དག །​རྒྱས་འགྱུར་ཞིང་རྣམས་རྣམ་པར་གང་བར་འགྱུར། །​སེམས་ཅན་སྙིང་པོ་བདེ་དང་ལྡན་པ་ཡི། །​སྐྱེ་ཡུལ་གཟི་བརྗིད་ཡིད་དུ་འཐད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་དགུ་ལྗོན་པའི་དབང་པོ་ཡབ། །​མེ་ཏོག་སྒྲོན་མ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ཙམ་ཀ་མཆོག་མ་རིམ་གྲོ་པ། །​བརྟུལ་ཞུགས་ལྷ་ཞེས་བྱ་བ་མཁས་པ་སྟེ། །བཀོད་པ་མི་འཁྲུགས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་རྩ་ལྔ་ལ། །​དགྲ་བཅོམ་ཐམས་ཅད་ཐ་བ་སྤངས་པ་པོ། །​ས་དག་དང་ནི་མཚུངས་པ་ཤ་སྟག་གོ། །​མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་གཅིག་པ། །​རིན་ཆེན་བརྒྱ་ཡི་དྲ་བས་མཛེས་པར་བྱས། །​དེ་བཞིན་གཤེགས་པ་དོན་དག་གསུང་བ་ཡི། །​སྐྱེ་བའི་ཡུལ་ནི་སྨྲ་བ་གསལ་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14426#UT22084-045-001-14426