Degé Kangyur volume 45, F.287.b

འགྲོ་བའི་དོན་དང་ཕན་ཕྱིར་རྒྱལ་བ་ཡི། །​སྐུ་གདུང་དག་ནི་རྣམ་པར་རྒྱས་པར་འགྱུར། །​མི་ཡི་འདྲེན་པ་གཙུག་ཕུད་སྐྱེ་བ་ཡི། །​ཡུལ་ནི་རིན་ཆེན་བརྩེགས་པ་ཞེས་ཀྱང་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡབ་ནི་ཏོག་བཟངས་ཡིན། །​སྣང་བ་སྦྱིན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྷ་ལེགས་སྒྲ་གཅན་རིམ་གྲོ་པ། །​སྤོབས་པ་དྲན་པ་བློ་གྲོས་ཅན་ཡིན་ཏེ། །​རྣམ་པར་སྤྲུལ་པའི་ཏོག་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་དྲུག་ཀུན་ལའང་། །​འཇིགས་པ་མེད་པའི་གནས་མཆོག་ཐོབ་པ་པོ། །​བྱེ་བ་ཕྲག་ནི་བརྒྱད་ཅུ་བདུན་བདུན་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བ་ཐུགས་རྗེ་ཆེན་པོ་མཚུངས་མེད་པའི། །​སྐུ་གདུང་དག་ནི་རྣམ་པར་རྒྱས་པར་འགྱུར། །​མི་ཡི་འདྲེན་པ་སྣང་བ་མཛད་པ་ཡི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་གྲགས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཏུ་མེད་པ་ཡབ་ནི་ལེགས་མཐོང་ཡིན། །​བལྟ་བར་འོས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཐུ་རྩལ་མངར་ཅན་རིམ་གྲོ་པ། །​སྣང་བར་བྱེད་པ་བློ་གྲོས་ཅན་ཡིན་ཏེ། །​ཆགས་མེད་གཏི་མུག་མེད་པ་རྫུ་འཕྲུལ་ཅན། །​འདུས་པ་ཐུན་མོང་མ་ཡིན་དཔག་ཏུ་མེད། །​མི་རྣམས་དག་གི་ཚེ་ཚད་དཔག་ཏུ་མེད། །​སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡི། །​མཛད་པ་ཇི་སྙེད་པ་ཀུན་དེས་མཛད་འགྱུར། །​འཇིག་རྟེན་ཕན་ཕྱིར་སེམས་ཅན་སྙིང་པོ་དག །​མྱ་ངན་འདས་ནས་དམ་ཆོས་གནས་འགྱུར་བའི། །​ལོ་གྲངས་སྟོང་ཕྲག་དག་ནི་མཐའ་ཡང་ཡས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །​བསྐལ་པ་བཟང་པོ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་དང་གང་དག་ལ་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་གང་དང་གང་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་བཀུར་སྟི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14428#UT22084-045-001-14428