Degé Kangyur volume 45, F.281.a

ཡབ་ནི་ལེགས་བཟངས་ཡིན། །​འོད་བཟངས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྐར་མཁན་འབྱོར་པ་རིམ་གྲོ་པ། །​ཡོན་ཏན་འོད་བཟངས་པ་ནི་མཁས་པ་སྟེ། །​བཀོད་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང་། །མཚོ་བྲན་རྒྱ་མཚོ་གང་བ་འདྲ་བ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་ཐམས་ཅད་རྣམ་པར་བརྒྱན། །​དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་སྐྱེ་བའི། །​ཡུལ་ནི་རྫུ་འཕྲུལ་སྣང་བར་བྱེད་ཅེས་བྱ། །​རྡུལ་བྲལ་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​སྟོང་གསུམ་ཙམ་ཡིན་བདེ་བའི་དབང་པོ་ཡབ། །​དགའ་བའི་སྒྲ་དབྱངས་རྒྱལ་ཡུམ་མེ་ཏོག་སྲས། །ཀུ་མུ་ད་ཞེས་བྱ་བ་རིམ་གྲོ་པ། །​སེང་གེའི་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ། །​དབྱངས་སྙན་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང་། །​བརྟན་རྣམས་བྱང་ཆུབ་དག་ལ་གཞོལ་བ་པོ། །​བྱེ་བ་ཕྲག་ནི་དཔག་ཏུ་མེད་པ་ཡོད། །​མི་ཚེ་ལོ་གྲངས་ཐེར་འབུམ་ཕྲག་གསུམ་ཡིན། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་ཐེར་འབུམ་ཕྲག་གསུམ་གནས། །​གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​འཇིག་རྟེན་མགོན་པོ་ལྷ་ཡི་སྐྱེ་བ་ཡི། །​ཡུལ་ནི་ངང་ཚུལ་ཀུན་དུ་སྡུད་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​སྟོང་ཁམས་གཉིས་ཙམ་ཡབ་ནི་སྒྲོན་མ་ཡིན། །​སྤོབས་པའི་བློ་གྲོས་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ལྷ་གསལ་འབྱོར་བྱེད་རིམ་གྲོ་པ། །​མིག་ལེགས་པ་ཞེས་བྱ་བ་མཁས་པ་སྟེ། །​ཤིན་ཏུ་སྦྱངས་པའི་ལུས་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་བཞི་ཀུན་ལའང་། །​སེམས་ཅན་མཆོག་མ་བྱང་ཆུབ་འདོད་པ་པོ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དག་ནི་འབུམ་ཡང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བརྒྱད་ཁྲིའི་བར་དུ་གནས། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14415#UT22084-045-001-14415