Degé Kangyur volume 45, F.280.b

མཐར་ནི་བྱེད་པ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​དངོས་མེད་ཕྱིན་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །​ཐུགས་རྗེ་ཆེན་པོ་མྱ་ངན་འདས་ནས་ཀྱང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་སྤྲིན་གྱི་ཏོག་དག་གི། །​སྐྱེ་བའི་ཡུལ་ནི་ཆོས་སྣང་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་འབུམ་ཡོད་ཡབ་ནི་ཡོན་ཏན་འོད། །​བློ་གྲོས་རྒྱ་མཚོ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ཤེས་བྱིན་ལེགས་ཤེས་རིམ་གྲོ་པ། །​ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །​མྱ་ངན་འདས་སྟེགས་བཟང་པོ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​ཚངས་པར་གནས་པའི་ཕ་མཐར་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །​དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་ཤེས་རབ་འགྲོས་དག་གི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་གཞོལ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་སྟོང་དྲུག་བརྒྱ་ཡབ་ནི་སྟེགས་བཟང་ཡིན། །​ཤེས་རབ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཆོག་མ་སྤྲིན་ལྡན་རིམ་གྲོ་པ། །​བདུད་འཇོམས་པ་ནི་བློ་གྲོས་ཅན་ཡིན་ཏེ། །​གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་དྲུག་ཀུན་ལའང་། །​བྱང་ཆུབ་མཆོག་གི་ཕ་རོལ་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་ནོར་བུ་བླ་རེར་ལྡན། །​འཇིག་རྟེན་མགོན་པོ་སྤོས་བཟང་སྐྱེ་བ་ཡི། །​ཡུལ་ནི་སྤོས་ཀྱིས་རྣམ་པར་བརྒྱན་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14414#UT22084-045-001-14414