Degé Kangyur volume 45, F.280.a

གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །​བཅུ་གསུམ་པ་གཅིག་གསེར་གྱི་བླ་རེར་ལྡན། །​སངས་རྒྱས་འཇིག་རྟེན་དག་ལ་དགའ་བ་ཡི། །​སྐྱེ་བའི་ཡུལ་ནི་མདངས་ཀྱི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་རྒྱ་མཚོ་ཡིན། །​ལྷ་ཡི་བློ་གྲོས་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་མི་ཕོ་བྲང་སྐྱེས་རིམ་གྲོ་པ། །​གྲགས་ཆེན་ཞེས་ནི་བྱ་བ་མཁས་པ་སྟེ། །​ཁ་ལོ་སྒྱུར་བར་གྲགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཐེ་ཙོམ་ཡིད་གཉིས་དག་ནི་མཐར་བྱེད་པ། །​བྱེ་བ་ཕྲག་ནི་བདུན་ཅུ་བདུན་ཅུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​འཇིག་རྟེན་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲི་བཞི་སྟོང་བར་དུ་གནས། །​མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​བདེ་བར་གཤེགས་པ་ཆོས་ཀྱི་ཟླ་བ་ཡི། །​སྐྱེ་ཡུལ་ཆོས་ཀྱི་བསྟན་པ་ཞེས་ཀྱང་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ཐབས་ལྡན་ཡིན། །​ཤེས་རབ་བརྟན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྷ་ལྡན་བརྟན་པ་རིམ་གྲོ་པ། །​ཆོས་བརྟན་རབ་ཏུ་གནས་པ་ཤེས་རབ་ཅན། །​བདེན་པ་ཅི་ཡི་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​དམ་པའི་ཆོས་ནི་མཁྱེན་རབ་གནས་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་རེ་རེ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བྱེ་བའི་བར་དུ་གནས་པར་འགྱུར། །​རྒྱལ་བ་དེ་ཡི་སྐུ་གདུང་རྒྱས་པར་འགྱུར། །​སངས་རྒྱས་དགའ་བ་མཐའ་ཡས་གྲགས་པ་ཡི། །​སྐྱེ་བའི་ཡུལ་ནི་ལྷ་ཡི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་བཟང་ཡིན། །​ལྷ་ཡི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ས་ལྡན་དགའ་བྱེད་རིམ་གྲོ་པ། །​སྒྲ་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །​བདེ་བའི་སྟབས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཉོན་མོངས་ཐམས་ཅད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14413#UT22084-045-001-14413