Degé Kangyur volume 45, F.279.a

བས་བསམ་གཏན་པ། །​བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་ཆིག་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱ་ཡང་འབྱུང་། །​དེ་བཞིན་གཤེགས་པ་འོད་ནི་སྤྱོད་པ་ཡི། །​སྐྱེ་བའི་ཡུལ་ནི་རྟག་ཏུ་དགའ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་ཡབ་ནི་མྱོས་མེད་ཡིན། །​བསོད་ནམས་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྷ་ལྡན་སྡོམ་པ་རིམ་གྲོ་པ། །​བསོད་ནམས་དཔལ་ཞེས་བྱ་བ་མཁས་པ་སྟེ། །​འཁྲུག་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་། །​ཆགས་པ་མེད་པར་གྱུར་པའི་བསམ་གཏན་པ། །​ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །​དམ་ཆོས་ལོ་གྲངས་ཆིག་ཁྲི་སུམ་སྟོང་གནས། །​སྐུ་གདུང་མཆོད་རྟེན་དག་ནི་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་རྒྱན་གྱིས་བརྒྱན་བྱས་ཤིང་། །​རྩེ་མོ་རིན་པོ་ཆེ་ཡིས་རབ་ཏུ་བརྒྱན། །​དེ་བཞིན་གཤེགས་པ་ཀླུ་དབྱངས་སྐྱེ་བ་ཡི། །​ཡུལ་ནི་ཀླུ་ཡིས་མཆོད་པ་བྱས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་རྒྱ་ཆེན་ཡིན། །​ཀླུ་ཡི་དབྱངས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྫུ་འཕྲུལ་སེང་གེ་རིམ་གྲོ་པ། །​དགའ་བས་མཆོད་ཅེས་བྱ་བ་མཁས་པ་སྟེ། །​སྟོན་པ་ཞེས་བྱ་རྫུ་འཕྲུལ་ཅན་གྱི་མཆོག །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​ལྷ་ཡི་གནས་པ་མཆོག་དག་ཐོབ་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​ཆགས་པ་མེད་པར་གྱུར་པའི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​ཐུགས་རྗེ་ཆེན་པོ་མྱ་ངན་འདས་ནས་ཀྱང་། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་གླུ་དབྱངས་སྐྱེ་བ་ཡི། །​ཡུལ་ནི་དབྱངས་ཀྱི་མཆོག་མ་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་བློ་གྲོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14411#UT22084-045-001-14411