Degé Kangyur volume 45, F.278.b

མཆོད་རྟེན་དཔག་ཚད་ནི། །​བཅོ་ལྔ་པ་གཅིག་ཤིན་ཏུ་རྣམ་པར་སྤྲས། །​དེ་བཞིན་གཤེགས་པ་སེང་གེའི་སྟབས་དག་གི །​སྐྱེ་བའི་ཡུལ་ནི་མཐོང་བས་མཆོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ཕན་འདོད་ཡིན། །​ནོར་ལྷའི་བུ་འོད་ཅེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ཏོག་ལྡན་འོད་འཕྲོ་རིམ་གྲོ་པ། །​སེང་གེ་བློ་གྲོས་ཞེས་བྱ་མཁས་པ་སྟེ། །​རྣམ་པར་སྒྲོགས་པའི་དབྱངས་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​བྱང་ཆུབ་མཆོག་རབ་ཆོས་ལ་ངེས་གྱུར་པ། །​བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་སྟོང་ཕྲག་མཐའ་ཡས་རྣམ་པར་སྤྲས། །​འཇིག་རྟེན་མགོན་པོ་མི་གཡོ་སྐྱེ་བ་ཡི། །​ཡུལ་ནི་བསོད་ནམས་རབ་ཏུ་གནས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་ཐེར་འབུམ་ཡབ་ནི་ཡོན་ཏན་དོན། །​ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་སྣང་ལྡན་འོད་བཟངས་རིམ་གྲོ་པ། །​རྒྱན་བྱིན་པ་ནི་བློ་གྲོས་ཅན་ཡིན་ཏེ། །​སྒྲོན་མ་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཞི་བ་དག་ལ་གཞོལ་བ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​དམ་ཆོས་ལོ་གྲངས་ཉི་ཁྲིའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​འཕང་དུ་དཔག་ཚད་གཅིག་སྲིད་འཕགས་པ་ལ། །​རིན་ཆེན་ནོར་བུ་གསེར་གྱི་ལྡ་ལྡིས་སྤྲས། །​འཇིག་རྟེན་མགོན་པོ་རབ་གསལ་སྐྱེ་བ་ཡི། །​ཡུལ་ནི་འཇིགས་པ་མེད་པར་མཐོང་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་བསྟོད་པའི་འོད། །​འོད་གསལ་བ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྷ་མིན་རྒྱལ་བྱིན་རིམ་གྲོ་པ། །​དགྲ་བཅོམ་འགྲོས་ཞེས་བྱ་བ་མཁས་པ་སྟེ། །​སྒྲིབ་པ་མེད་པའི་ཏོག་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​དྲི་མ་ཀུན་དང་བྲལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14410#UT22084-045-001-14410