Degé Kangyur volume 45, F.275.b

ཡུལ་ནི་ལྷ་ཡི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཏུ་མེད་དོ་ཤིན་ཏུ་བྱང་ཆུབ་ཡབ། །​ཆོས་ཀྱི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་མཆོད་པ་སྐར་མཁན་རིམ་གྲོ་པ། །​དཔག་མེད་འོད་ཅེས་བྱ་བ་མཁས་པ་སྟེ། །​དོན་ཡོད་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་གཉིས་ཀུན་ལའང་། །​འཇིག་རྟེན་ཆོས་བརྒྱད་དག་དང་བྲལ་བ་པོ། །​བྱེ་བ་ཕྲག་ནི་སྟོང་ཕྲག་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བདུན་པ་ཁོར་ཡུག་བླ་རེར་ལྡན། །​དེ་བཞིན་གཤེགས་པ་དགྱེས་པར་གཤེགས་པ་ཡི། །​སྐྱེ་ཡུལ་རིན་ཆེན་མཆོག་ཏུ་གནས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་སྟོང་ཡོད་ཡབ་ནི་གྲོགས་བཟང་ཡིན། །​བྱམས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མཆོད་པ་ལེགས་དབང་རིམ་གྲོ་པ། །​བློ་གྲོས་གསལ་ཞེས་བྱ་བ་མཁས་པ་སྟེ། །​མཐོང་བ་བརྩེགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །གཏི་མུག་མེད་པའི་ཕ་མཐར་ཕྱིན་འཕགས་པ། །​བྱེ་བ་ཕྲག་ནི་དྲུག་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །​གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཁམས་གསུམ་མཆོད་རྟེན་བཟང་པོས་གང་བར་འགྱུར། །​དེ་བཞིན་གཤེགས་པ་ཞབས་མཛེས་སྐྱེ་བ་ཡི། །​ཡུལ་ནི་འཇིག་རྟེན་སྒྲོན་མ་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་སྤོས་བཟངས་ཡིན། །​སྤོས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྤོས་བཟངས་མེ་ཏོག་རིམ་གྲོ་པ། །​མཆོད་པར་འོས་ཞེས་བྱ་བ་མཁས་པ་སྟེ། །​ལེགས་བསྒྲུབས་གྲགས་པ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​རི་ཡི་རྒྱལ་པོ་ལྟ་བུར་མི་གཡོ་བ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14404#UT22084-045-001-14404