Degé Kangyur volume 45, F.271.b

གིས་བྱང་ཆུབ་ཐོབ་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་སུམ་སྟོང་ཡིན། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་སུམ་ཁྲིར་གནས་པར་འགྱུར། །​མཆོད་རྟེན་དཔག་ཚད་བཅུ་གཉིས་པ་འབྱུང་སྟེ། །​རིན་ཆེན་ཐེར་འབུམ་སྙེད་ཀྱིས་སྤྲས་པར་འགྱུར། །​དེ་བཞིན་གཤེགས་པ་བསོད་ནམས་དགྱེས་པ་ཡི། །​སྐྱེ་ཡུལ་བསོད་ནམས་སྣང་བར་བྱེད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​སྟོང་གསུམ་ཙམ་ཡོད་ཡབ་ནི་འོད་ལྡན་ཡིན། །​བདུད་རྩིའི་འོད་ནི་རྒྱལ་ཡུམ་རྩི་སྨན་ནི། །​སྲས་ཡིན་སྨན་པ་བཟང་པོ་རིམ་གྲོ་པ། །​བྱང་ཆུབ་འོད་ཅེས་བྱ་བ་མཁས་པ་སྟེ། །​རྣམ་པར་བརྩེ་བའི་བློ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​གཟུངས་ཐོབ་བྱང་ཆུབ་དག་ལ་རབ་གནས་པ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དྲུག་འབུམ་སུམ་ཁྲི་ཡིན། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་དྲུག་འབུམ་སུམ་ཁྲིར་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​གསེར་གྱི་རྒྱལ་མཚན་མཆོག་སྟོང་སྙེད་ཀྱིས་བརྒྱན། །​དེ་བཞིན་གཤེགས་པ་དགའ་བའི་སྟོབས་སྐྱེ་བའི། །​ཡུལ་ནི་མཆོད་པས་ཀུན་དུ་ཚིམ་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཏུ་མེད་དོ་ཡབ་ནི་ཡིད་འཐད་ཡིན། །​ཕན་པར་སེམས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཕན་འདོད་ཟླ་བ་རིམ་གྲོ་པ། །​བློ་གྲོས་ཡངས་པ་ཞེས་བྱ་མཁས་པ་སྟེ། །​གསེར་གྱི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །​ཕྱིར་མི་ལྡོག་པ་གཟུངས་ནི་ཐོབ་པ་པོ། །​འཇམ་པའི་དཔལ་དང་མཚུངས་པ་དེ་དག་ཀུན། །​འདུས་པ་དག་ནི་ཤིན་ཏུ་མཐའ་ཡང་ཡས། །​མི་ཚེ་ལོ་གྲངས་སུམ་འབུམ་ཉི་ཁྲི་ཡིན། །​ཐེག་པ་མཆོག་ལྡན་ཡོངས་སུ་སྨིན་བྱའི་ཕྱིར། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་ཆིག་འབུམ་ཉི་ཁྲིར་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​མཚུངས་པ་མེད་པ་དབྱངས་དག་སྙན་པ་ཡི། །​སྐྱེ་བའི་ཡུལ་ནི་འོད་ཀྱི་མཆོག་ཅེས་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སྟོང་ཡོད་ཡབ་ནི་དགེ་བཟང་ཡིན། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14396#UT22084-045-001-14396