Degé Kangyur volume 45, F.272.a

འཇིགས་པ་མེད་པའི་འོད་ནི་རྒྱལ་བའི་ཡུམ། །​སྲས་པོ་ཤེས་རབ་ཤེས་ཆེན་རིམ་གྲོ་པ། །​ཏོག་གི་རྒྱལ་མཚན་ཞེས་བྱ་མཁས་པ་སྟེ། །​གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​དགྲ་དག་བཅོམ་པ་དེ་དག་འདུས་པའི་གྲངས། །​འབུམ་ཕྲག་བདུན་ཅུ་རྩ་ནི་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་སུམ་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །​བཅུ་གསུམ་པ་གཅིག་མུ་ཏིག་བླ་རེར་ལྡན། །དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་གི། །​སྐྱེ་བའི་ཡུལ་ནི་ཐར་པའི་སྒྲ་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​སྟོང་གཉིས་ཙམ་ཡོད་དབང་པོ་ཆེན་པོ་ཡབ། །​ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་མཐོང་དགེ་བ་རིམ་གྲོ་པ། །བདུད་རྩིའི་འོད་ཅེས་བྱ་བ་མཁས་པ་སྟེ། །​འབྱོར་བའི་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​བྱང་ཆུབ་ཏུ་ནི་སྐྱེ་བ་གཅིག་ཐོགས་པ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བརྒྱ་བརྒྱ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་དུང་ཕྱུར་ཕྲག་དྲུག་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །​བཅུ་གཅིག་པ་གཅིག་གསེར་གྱི་འོད་དང་ལྡན། །​དེ་བཞིན་གཤེགས་པ་ཚངས་པའི་དབྱངས་དག་གི། །​སྐྱེ་བའི་ཡུལ་ནི་སྒྲ་དབྱངས་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་མཐུ་ལྡན་ཡིན། །​རིན་ཆེན་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྒྱལ་མཆོག་སྐར་མཁན་རིམ་གྲོ་པ། །​སེང་གེའི་འགྲོས་ཞེས་བྱ་བ་མཁས་པ་སྟེ། །​བསོད་ནམས་འཁོར་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་། །​འཕགས་པ་མཆོག་གནས་ངེས་པར་གྱུར་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །​འཇིག་རྟེན་ཕན་ཕྱིར་སྲིད་མཐར་མཛད་པ་པོ། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲིའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14397#UT22084-045-001-14397