Degé Kangyur volume 45, F.271.a

ལ། །​མཆོད་རྟེན་བཟང་པོས་ཁམས་གསུམ་གང་བར་འགྱུར། །​དེ་བཞིན་གཤེགས་པ་མེ་ཏོག་འོད་སྐྱེ་བའི། །​ཡུལ་ནི་མེ་ཏོག་དག་གིས་བརྒྱན་ཞེས་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སྟོང་ཡོད་ཡོན་ཏན་དབང་པོ་ཡབ། །​ཡོན་ཏན་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་རྒྱལ་མཆོག་ཕན་འདོགས་རིམ་གྲོ་པ། །​འཇིག་རྟེན་མཆོག་མ་ཞེས་བྱ་མཁས་པ་སྟེ། །​མཐུ་རྩལ་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​ཐར་པ་གཏི་མུག་མེད་པར་གནས་གྱུར་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །​ཆགས་པ་མེད་པར་གྱུར་པའི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་དགུ་པ་ནོར་བུ་བྱེ་བས་སྤྲས། །​དེ་བཞིན་གཤེགས་པ་སྨན་པའི་བདག་པོ་ཡི། །​སྐྱེ་བའི་ཡུལ་ནི་མྱ་ངན་སེལ་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སྟོང་ཡོད་ཡབ་ནི་མྱ་ངན་མེད། །​ཡོན་ཏན་ལྟ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཚོ་བྱེད་འཇིགས་མེད་རིམ་གྲོ་པ། །​བསོད་ནམས་དགའ་ཞེས་བྱ་བ་མཁས་པ་སྟེ། །​སེང་གེའི་སྒྲ་སྒྲོགས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་མཐའ་ཡས་ཀུན་ལ་ཡང་། །​ཕྱིར་མི་ལྡོག་པ་ཐམས་ཅད་གཟུངས་ཐོབ་པ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བརྒྱ་བརྒྱ་ཡོད། །​མི་ཚེ་ལོ་གྲངས་བྱེ་བ་ཕྲག་སྟོང་ཡིན། །​བྱང་ཆུབ་ཏུ་ནི་ཡོངས་སུ་སྨིན་བྱའི་ཕྱིར། །​དམ་ཆོས་ལོ་གྲངས་བྱེ་བར་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​རིན་ཆེན་མེ་ཏོག་སྟོང་སྙེད་དག་གིས་བརྒྱན། །​དེ་བཞིན་གཤེགས་པ་མདངས་མངའ་སྐྱེ་བ་ཡི། །​ཡུལ་ནི་སྡུག་པར་རྣམ་པར་ལྟ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་འབྱོར་ལྡན་ཡིན། །​ཡེ་ཤེས་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྣམ་གྲོལ་ཆགས་མེད་རིམ་གྲོ་པ། །​འབྲུག་སྒྲ་ཞེས་ནི་བྱ་བ་མཁས་པ་སྟེ། །​མདངས་སྟོབས་འགྲོས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཐེག་པ་མཆོག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14395#UT22084-045-001-14395