Degé Kangyur volume 45, F.261.b

ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་སྐྱེ་བའི་ཡུལ་ནི་ཀུན་ཏུ་སྒྲ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་དགུ་ཁྲི་བརྒྱད་སྟོང་ངོ་། །​ཡབ་ནི་བདེན་སྨྲ་ཞེས་བྱའོ། །​ཡུམ་ནི་མེ་ཏོག་མ་ཞེས་བྱའོ། །​སྲས་ནི་གཟི་བརྗིད་རིན་ཆེན་བདུན་ཞེས་བྱའོ། །​རིམ་གྲོ་པ་ནི་བདུད་རྩི་ཤིས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་མཐོང་བ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་འགྲོ་བའི་སྟོབས་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཉི་མའི་ཞལ་སྐྱེ་བའི་ཡུལ་ནི་བཀོད་པ་མཐའ་ཡས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་ཁྲི་སུམ་སྟོང་ངོ་། །​ཡབ་ནི་སྐྱོབ་པ་ཞེས་བྱའོ། །​ཡུམ་ནི་ཁ་ལོ་སྒྱུར་བའི་ཏོག་ཅེས་བྱའོ། །​སྲས་ནི་དབྱངས་སྙན་ཞེས་བྱའོ། །​རིམ་གྲོ་པ་ནི་བརྟུལ་ཞུགས་མི་ཚུགས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་ལེགས་གནས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཀུན་ལས་ཤིན་ཏུ་འཕགས་པ་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ཉི་ཤུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཐར་པའི་བརྟུལ་ཞུགས་སྐྱེ་བའི་ཡུལ་ནི་སྙན་པར་གྲགས་པའི་རྒྱལ་མཚན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་ཡིད་འོང་གྲགས་ཞེས་བྱའོ། །​ཡུམ་ནི་ཡིད་འཐད་མཚན་མཐོང་ཞེས་བྱའོ། །​སྲས་ནི་མཐོང་ཆེན་གྲགས་ཞེས་བྱའོ། །​རིམ་གྲོ་པ་ནི་གཟི་བརྗིད་བློ་གྲོས་བདེ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེམས་པ་རོ་གཅིག་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14376#UT22084-045-001-14376