Degé Kangyur volume 45, F.251.a

རེས་མཛེས་པར་བྱས། །​རྒྱལ་བ་སྒྲ་གཅན་ཉི་མའི་སྙིང་པོ་ཡི། །​སྐྱེ་ཡུལ་འཇིག་རྟེན་ཤིན་ཏུ་འཕགས་ཞེས་བྱ། །​རིགས་ནི་རྒྱལ་རིགས་སྟོང་གསུམ་འོད་དག་གིས། །​རྒྱས་འགྱུར་ཤིང་རྟ་འདྲེན་པའི་དབང་པོ་ཡབ། །​ནམ་མཁའ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གཟི་ལེགས་ཆོས་ལྡན་རིམ་གྲོ་པ། །​རྒྱལ་བའི་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །​མཆོག་གི་རྒྱལ་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​བླ་མེད་བྱང་ཆུབ་དག་ལ་ངེས་གྱུར་པ། །​བྱེ་བ་ཕྲག་ནི་བདུན་ཅུ་བརྒྱད་བརྒྱད་ཡོད། །​མི་ཚེ་ལོ་གྲངས་དག་ནི་དུང་ཕྱུར་ཡིན། །​དམ་པའི་ཆོས་དག་ལོ་གྲངས་ཁྲི་ཕྲག་ནི། །​ཐེར་འབུམ་བརྒྱད་ཅུའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །​སྟོང་གསུམ་འཇིག་རྟེན་ཐམས་ཅད་གང་བར་འགྱུར། །​དེ་བཞིན་གཤེགས་པ་ལྷ་ཡིས་མཆོད་པ་ཡི། །​སྐྱེ་བའི་ཡུལ་ནི་ལྷ་དད་ཅེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ཏོག་བཟང་ཡིན། །​མེ་ཏོག་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཙན་དན་ཙམ་ཀ་རིམ་གྲོ་པ། །​ལྷ་ཡི་ཁ་ལོ་སྒྱུར་བ་མཁས་པ་སྟེ། །​ཀླུ་ཡིས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​བདུད་རྩིའི་གོ་འཕང་ཞི་ལ་ལེགས་དུལ་བ། །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་དྲུག་སྟོང་བར་དུ་གནས། །​སངས་རྒྱས་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​འཇིག་རྟེན་ཕན་ཕྱིར་སྐུ་གདུང་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་ཐར་པའི་རྒྱལ་མཚན་གྱི། །​སྐྱེ་ཡུལ་འཇིག་རྟེན་དད་པར་བྱེད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་དགུ་ཡབ་ནི་སྟེགས་བཟངས་ཡིན། །​སངས་རྒྱས་དབྱངས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཤེས་མཆོག་ཤེས་ལེགས་རིམ་གྲོ་པ། །​གསེར་མཆོག་བརྩེགས་ཞེས་བྱ་བ་མཁས་པ་སྟེ། །​དབྱངས་མཆོག་ཁྱད་པར་འཕགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​འཇིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14355#UT22084-045-001-14355