Degé Kangyur volume 45, F.251.b

རྟེན་ཆོས་ལས་རྣམ་གྲོལ་བསམ་གཏན་པ། །​བྱེ་བ་ཕྲག་ནི་བརྒྱད་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །​མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་དགུ་ཁྲིར་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་དགུ་བཅུ་འབྱུང་། །​དེ་བཞིན་གཤེགས་པ་དགེ་བའི་གཙུག་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འོང་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ཉིས་བརྒྱའོ། །​ཡབ་ནི་རིན་ཆེན་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​ཡུམ་ནི་དཔལ་གྱི་བཟང་མཆོག་མ་ཞེས་བྱའོ། །སྲས་ནི་ལེགས་མཐོང་ཞེས་བྱའོ། །​རིམ་གྲོ་པ་ནི་བསོད་ནམས་མཐོང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་མེ་ཏོག་ཁ་རྒྱས་པ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་ལྔའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་གོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །​བཞི་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དོ། །​ལྔ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བདུད་རྩིའི་འོད་སྐྱེ་བའི་ཡུལ་ནི་ཡོན་ཏན་གཟི་བརྗིད་ལྟ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་སྟོང་ངོ་། །​ཡབ་ནི་རིན་ཆེན་མཐའ་ཡས་འོད་ཅེས་བྱའོ། །​ཡུམ་ནི་རྣམ་པར་ཐར་པར་དགའ་ཞེས་བྱའོ། །​སྲས་ནི་སྟོན་པ་གསལ་ཞེས་བྱའོ། །​རིམ་གྲོ་པ་ནི་འཕགས་དད་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཚོགས་ཀྱི་གཟི་བརྗིད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་སྟེ། །​ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རྡོ་རྗེ་སྐྱེ་བའི་ཡུལ་ནི་གདུལ་དཀའ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲིའོ། །​ཡབ་ནི་སེང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14356#UT22084-045-001-14356