Degé Kangyur volume 45, F.245.b

དཔག་ཚད་བརྒྱ་ཡོད་ཡབ་ནི་དྲན་ལྡན་ཡིན། །​དགེ་བའི་ང་རོ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་མེ་ཏོག་མཁས་པ་རིམ་གྲོ་པ། །​ཡོན་ཏན་ཁ་ལོ་སྒྱུར་བ་བློ་ཅན་ཏེ། །​ཕན་འདོད་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །​སྲིད་པ་སྤངས་པའི་སེམས་དང་ལྡན་པ་པོ། །​དེ་དག་ཐེར་འབུམ་ཕྲག་ནི་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​སྣང་མེད་ཐོབ་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་དགུ་བཅུ་འབྱུང་། །​དེ་བཞིན་གཤེགས་པ་སྤོབས་པའི་ཚོགས་དག་གི། །​སྐྱེ་བའི་ཡུལ་ནི་མཆོད་ཅིང་བསྒོམས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་གསུམ་ཡོད་ཡབ་ནི་རྟོགས་ལྡན་ཡིན། །​ཡེ་ཤེས་སྟོབས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཕགས་པ་དགྲ་བཅོམ་རིམ་གྲོ་པ། །​ཡོན་ཏན་ཕུང་པོ་ཞེས་བྱ་མཁས་པ་སྟེ། །​ཡེ་ཤེས་ཡོན་ཏན་འབྱུང་གནས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​འགྲོ་བའི་མཆོག་ལ་དགའ་བའི་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་སུམ་ཅུ་རེ་རེ་ཡོད། །​མི་ཚེ་ལོ་གྲངས་ཉིས་ཁྲི་ཉིས་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་གསེར་གྱིས་རྣམ་པར་སྤྲས། །​འཇིག་རྟེན་མཆོག་མ་མཆོད་སྦྱིན་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་མཆོད་སྦྱིན་གསལ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་ལྔ་མཆོད་སྦྱིན་བཟང་པོ་ཡབ། །​ཐར་པའི་ང་རོ་རྒྱལ་ཡུམ་སྲས་པོ་ནི། །​བསོད་ནམས་འབྱུང་གནས་རྒྱལ་བ་རིམ་གྲོ་པ། །​ངེས་པས་བྱས་ཞེས་བྱ་བ་མཁས་པ་སྟེ། །​འཇིགས་པ་མེད་པའི་སྟོབས་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཐམས་ཅད་ཆགས་པ་མེད་གྱུར་པ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་ལྔ་སྟོང་བར་དུ་གནས་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14344#UT22084-045-001-14344