Degé Kangyur volume 45, F.245.a

འཁོར་རྣམས་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་འབུམ་ཡིན། །​བྱང་ཆུབ་བསྲུང་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་འབུམ་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་རྒྱས་འགྱུར་ཞིང་རྣམས་གང་། །​གསེར་རྒྱན་བྱེ་བ་དག་གིས་བརྒྱན་པར་འགྱུར། །​སངས་རྒྱས་ཡོན་ཏན་འོད་ཟེར་གཟི་བརྗིད་ཀྱི། །​སྐྱེ་ཡུལ་ཡོན་ཏན་ཀུན་དང་ལྡན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གཉིས་ཡབ་ནི་ཡོན་ཏན་འོད། །​ཡོན་ཏན་འོད་བཟངས་རྒྱལ་ཡུམ་སྲས་པོ་ནི། །​ཡོན་ཏན་རྒྱ་མཚོ་ཟླ་བ་རིམ་གྲོ་པ། །​ཟླ་བ་འཕགས་ཞེས་བྱ་བ་མཁས་པ་སྟེ། །​ཡོན་ཏན་མཆོག་གིས་མཆོད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན་པ་པོ། །​ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །​འགྲོ་ལ་ཕན་ཕྱིར་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​འགྲོ་བ་ཀུན་གྱིས་མཆོད་ཅིང་བཀུར་བར་འགྱུར། །​མི་ཡི་འདྲེན་པ་དྲང་སྲོང་དབང་པོ་ཡི། །​སྐྱེ་བའི་ཡུལ་ནི་འཕགས་པས་བལྟས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གསུམ་ཡབ་ནི་གསལ་བ་ཡིན། །​འཕགས་མཉམ་མ་ནི་རྒྱལ་ཡུམ་དྲང་སྲོང་བྱིན། །​སྲས་ཡིན་འཕགས་པའི་མེ་ཏོག་རིམ་གྲོ་པ། །​ཡོན་ཏན་གཟི་བརྗིད་འཆང་བ་བློ་ཅན་ཏེ། །​ཡེ་ཤེས་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་གསུམ་ཀུན་ལའང་། །​མིང་རྣམས་གསལ་ཞིང་མདུད་པ་སྤངས་པ་པོ། །​བྱེ་བ་སྟོང་ཕྲག་དག་ནི་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​མཐའ་ཡས་འདུལ་བར་མཛད་པའི་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་ནོར་བུས་རྣམ་པར་སྤྲས། །​མི་ཡི་འདྲེན་པ་བློ་དང་ལྡན་པ་ཡི། །​སྐྱེ་བའི་ཡུལ་ནི་མཛངས་པས་བལྟས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14343#UT22084-045-001-14343