Degé Kangyur volume 45, F.246.a

འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་གིས་འཁོར་བར་བསྐོར། །​དེ་བཞིན་གཤེགས་པ་ཟླ་བའི་ཞལ་སྐྱེ་བའི། །​ཡུལ་ནི་རྣམ་པར་སྣང་བྱེད་ལྷ་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡབ་ནི་ཡུལ་འཁོར་བཟང་། །​ཡུལ་འོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་མཐོང་ཕན་འདོད་རིམ་གྲོ་པ། །​མེ་ཏོག་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​སྣང་བར་བྱེད་པའི་ལྷ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཐེག་པ་མཆོག་གིས་རྣམ་པར་གྲོལ་གྱུར་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་གསེར་གྱི་བླ་རེར་ལྡན། །​དེ་བཞིན་གཤེགས་པ་ཤིན་ཏུ་གཟིགས་པ་ཡི། །​སྐྱེ་བའི་ཡུལ་ནི་སྐར་མ་སྣང་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་རི་དབང་ཡིན། །​འོད་མཐའ་ཡས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཁ་སྒྱུར་པད་མ་རིམ་གྲོ་པ། །​དགའ་བའི་དབྱངས་ཞེས་བྱ་བ་མཁས་པ་སྟེ། །​ཡོན་ཏན་མཆོག་གསལ་བ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །​ཐེག་པ་མཆོག་གིས་གཏི་མུག་མེད་གྱུར་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཀུན་ཚེ་ལོ་བརྒྱ་ནི་སུམ་ཅུ་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་དྲུག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །​དཔག་ཚད་བཅུ་དྲུག་པ་གཅིག་གསེར་གྱིས་སྤྲས། །​ཡོན་ཏན་རྒྱ་མཚོ་རྡུལ་དང་བྲལ་བ་ཡི། །​སྐྱེ་ཡུལ་ཡོན་ཏན་ཀུན་དང་ལྡན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་བཞི་ཡོན་ཏན་དབང་པོ་ཡབ། །​ཡོན་ཏན་བདེན་འཛིན་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་བཟང་ལྡན་ལེགས་སེམས་རིམ་གྲོ་པ། །​སྟོབས་བཅུའི་འོད་ཅེས་བྱ་བ་མཁས་པ་སྟེ། །​ཚོགས་དབང་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14345#UT22084-045-001-14345