Degé Kangyur volume 45, F.244.b

སྙེད་ཀྱིས་གང་བར་འགྱུར། །​འཇིག་རྟེན་མཆོག་མ་ནམ་མཁའ་སྐྱེ་བ་ཡི། །​ཡུལ་ནི་གཟི་བརྗིད་སྒྲོན་མ་ཞེས་ཀྱང་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅུ་བཞི་ཡབ་ནི་རི་དབང་ཡིན། །​འགྲོས་བརྟན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གནས་མེད་ཐོགས་མེད་རིམ་གྲོ་པ། །​གནས་ལ་དགའ་ཞེས་བྱ་བ་མཁས་པ་སྟེ། །​ཆགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​སྲིད་པ་ཀུན་ནས་གྲོལ་བའི་ཡིད་ལྡན་པ། །​བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱད་པ་གསེར་གྱི་བླ་རེ་ལྡན། །​སངས་རྒྱས་མཆོད་སྦྱིན་ང་རོ་སྐྱེ་བ་ཡི། །​ཡུལ་ནི་ཆོས་རྣམས་སྣང་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་ལྔ་ཡོད་ཡབ་ནི་སྒྲོན་མ་ཡིན། །​ཡོན་ཏན་གདངས་སྙན་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་སྦྲང་རྩི་སྐད་སྙན་རིམ་གྲོ་པ། །​སྤོབས་པའི་དབྱངས་ནི་བློ་གྲོས་ཅན་ཡིན་ཏེ། །​དབྱངས་མཆོག་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​རྣམ་ཐར་བརྒྱད་ཀྱི་ཕ་མཐར་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་བཞི་སྟོང་ཡིན། །​ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །​སངས་རྒྱས་ཤེས་རབ་རྣམ་འགོད་ང་རོ་ཡི། །​སྐྱེ་བའི་ཡུལ་ནི་མཆོག་ཏུ་དགའ་ཞེས་བྱ། །​བདེ་བར་གཤེགས་པའི་རིགས་ནི་རྒྱལ་རིགས་ཡིན། །​འོད་ནི་སྟོང་གསུམ་ཚད་ཙམ་བློ་བཟངས་ཡབ། །​དེས་པའི་སྒྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྣང་བྱེད་ལྷ་ནི་རིམ་གྲོ་པ། །​བལྟ་ན་སྡུག་ཅེས་བྱ་བ་མཁས་པ་སྟེ། །​རྣམ་པར་སྣང་བྱེད་ལྷ་ནི་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་མཐའ་ཡང་ཡས་པ་སྟེ། །​གཟུངས་རྣམས་ཐོབ་པ་ཕྱིར་ནི་མི་ལྡོག་པ། །​བྱང་ཆུབ་སེམས་དཔའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14342#UT22084-045-001-14342