Degé Kangyur volume 45, F.243.a

རྒྱལ་བའི་ཡུམ། །​སྲས་པོ་ལེགས་མཐོང་དགའ་སྦྱངས་རིམ་གྲོ་པ། །​ཡོན་ཏན་ངེས་ཞེས་བྱ་བ་མཁས་པ་སྟེ། །​ཆོས་ངེས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​དགྲ་བཅོམ་ཐམས་ཅད་ཆགས་པ་མེད་གྱུར་པ། །​བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །​མཐའ་ཡས་འདུལ་བར་མཛད་པའི་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་དྲུག་པ་ཁོར་ཡུག་བླ་རེར་ལྡན། །​དེ་བཞིན་གཤེགས་པ་སྤྱན་སྡུག་པ་ཡི་ཞལ། །​སྐྱེ་བའི་ཡུལ་ནི་མཐོང་བས་མཆོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་སྤྱན་ལེགས་ཡིན། །​མིག་སྦྱིན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཇིག་རྟེན་ཆགས་མེད་རིམ་གྲོ་པ། །​ཡོན་ཏན་མཐོང་ཞེས་བྱ་བ་མཁས་པ་སྟེ། །​འཇིགས་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །​ཐེག་པ་མཆོག་གིས་ལེགས་གནས་འབྲས་ཐོབ་པ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་བརྒྱད་ཁྲི་བཞི་སྟོང་ཡིན། །​འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །​ཞིང་གྲངས་སྟོང་སྙེད་དག་ཏུ་གང་བར་འགྱུར། །​དེ་བཞིན་གཤེགས་པ་ཡེ་ཤེས་བཟང་ལྡན་གྱི། །​སྐྱེ་ཡུལ་ཡེ་ཤེས་སྒྲོན་མ་ཞེས་ཀྱང་བྱ། །​དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡེ་ཤེས་སྐར་མདའ་ཡབ། །​ཡེ་ཤེས་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ཤེས་དགའ་ཤེས་འབྱོར་རིམ་གྲོ་པ། །​ཡེ་ཤེས་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​ཡེ་ཤེས་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཁོར་ཡུག་ལྟ་བུར་གཡོ་བ་མེད་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14339#UT22084-045-001-14339