Degé Kangyur volume 45, F.242.b

དྲི་མ་མེད་གྱུར་པ། །​དེ་དག་ཐེར་འབུམ་ཐེར་འབུམ་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​མྱ་ངན་འདས་ནས་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་བྱིན་གྱིས་བརླབས་ནས་ཀྱང་། །​འཇིག་རྟེན་སྐུ་གདུང་རྒྱས་ཤིང་གང་བར་འགྱུར། །​འཇིག་རྟེན་མགོན་པོ་མཐུ་སྟོབས་སྐྱེ་བ་ཡི། །​ཡུལ་ནི་ཡོན་ཏན་སྣང་བར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །​ལྷ་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྒྲ་གཅན་སྐར་མ་རིམ་གྲོ་པ། །​ཡོན་ཏན་དག་གིས་བརྒྱན་པ་མཁས་པ་སྟེ། །​འཇིག་རྟེན་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​རྫུ་འཕྲུལ་རྐང་བཞིས་ཕ་རོལ་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་གསེར་གྱི་མགོ་རྒྱན་ལྡན། །​སངས་རྒྱས་སྐར་མ་ལ་ནི་དགྱེས་པ་ཡི། །​སྐྱེ་བའི་ཡུལ་ནི་འོད་འཕྲོ་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །​མཆོག་མཆོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལྟ་བྱེད་འོད་འཕྲོ་རིམ་གྲོ་པ། །​ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །​གནས་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​མཚོ་ལྟར་གང་བའི་བསམ་གཏན་པ་ཡི་གྲངས། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །​རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སུམ་ཁྲིའི་བར་དུ་གནས། །​ལྷ་མི་དག་ལ་ཕན་ཕྱིར་རྒྱལ་བ་ཡི། །​སྐུ་གདུང་རྒྱས་ཤིང་རྣམ་པར་གང་བར་འགྱུར། །​དེ་བཞིན་གཤེགས་པ་སྤྲིན་གྱི་རྔ་སྒྲ་ཡི། །​སྐྱེ་བའི་ཡུལ་ནི་བདུད་རྩིའི་དབྱངས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་གཉིས་ཡབ་ནི་ལེགས་བཟང་ཡིན། །​གདངས་སྙན་མ་ཞེས་བྱ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14338#UT22084-045-001-14338